རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་ཆེན་མཇུག་སྒྲིལ་བ།

2016-02-29
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ཞུགས་པ་རྣམས། ༢༠༡༦།༢།༢༨
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ཞུགས་པ་རྣམས། ༢༠༡༦།༢།༢༨
ITN

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བྱང་ཨ་མི་རི་ཀའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཁ་ས་རྒྱལ་ས་ཝ་ཞིན་ཀྲོན་ནས་ཕྱི་ཚེས་༢༨་ཉིན་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་རེད།
དེ་ཡང་ཟླ་བ་འདིའི་ཚེས་༢༦་ནས་འགོ་ཚུགས་ཀྱིས་ཉིན་གྲངས་གསུམ་རིང་ཨ་མི་རི་ཀའི་རྒྱལ་ས་ཝ་ཞིན་ཀྲོན་ནང་བསྐོངས་ཚོགས་གནང་བའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བྱང་ཨ་མི་རི་ཀའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཁ་ས་ཕྱི་ཚེས་༢༨་ཉིན་མཇུག་སྒྲིལ་གནང་ཡོད་པ་རེད།
ཐེངས་དེའི་ལྷན་ཚོགས་དེའི་ནང་གཙོ་བོ་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ནས་ཐུགས་སྣང་གནང་ཕྱོགས་ཀྱི་གནད་དོན་དང་། བོད་ཀྱི་རྩ་དོན་ཆེད་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་བོད་མི་ཚོའི་ཐོག་ཞུ་བཏུགས་ལས་འགུལ་སྤེལ་རྒྱུ། བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པ་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་གྲོས་མཐུན་བྱུང་ཡོད་པ་རེད། འདི་གའི་གསར་འགོད་པས་ཚོགས་པ་དེའི་ཚོགས་གཙོ་ཤར་གླིང་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་སྐབས། ད་རེས་ཚོིགས་ཆེན་དེའི་ཐོག་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་དང་ལས་འགུལ་རྒྱ་བསྐྱེད་གཏོང་རྒྱུ་དང་། ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་ཆེན་ཁག་ལ་ཡོད་པའི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁག་ལ་ངོ་རྒོལ་བྱེད་རྒྱུ། བོད་མིའི་ཚོགས་པ་ཁག་རྣམས་ཕན་ཚུན་འབྲེལ་ལམ་ཤུགས་ཆེ་རུ་བཏང་དགོས་པ་སོགས་ཀྱི་གྲོས་མཐུན་བྱུང་བ་སོགས་ངོ་སྤྲོད་གནང་ཡོད།
ད་རེས་ཉིན་གསུམ་རིང་གི་ལྷན་ཚོགས་དེའི་ནང་ལྷོ་བྱང་ཨ་མི་རི་ཀ་གཙོ་བོར་གྱུར་བའི་རྒྱལ་ཁབ་ལྔ་ནས་ཚོགས་པ་བཅོ་བརྒྱད་ཀྱི་སྐུ་ཚབ་འཐུས་མི་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་མི་སྣ་སོགས་ཁྱོན་མི་གྲངས་༤༠་ཙམ་མཉམ་འཛོམས་བྱུང་སྟེ་མ་འོངས་པར་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་ལ་ཟབ་སྦྱོང་གནང་ཡོད་པ་རེད།   
དེ་དང་ཆབས་ཅིག་དེ་རིང་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ས་ཕྱོགས་མང་པོ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་རྒྱལ་ས་ཝ་ཞིན་ཀྲོན་དུ་འདུ་འཛོམས་ཀྱིས་ལོ་རེའི་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ནང་གོང་ཞུས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་འདུར་ཕེབས་པའི་ཚོགས་ཁག་ཅིག་ཀྱང་མཉམ་ཞུགས་གནང་བཞིན་པ་རེད།
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པ་ནི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་ཆགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༡༨༠་ཐུན་མོང་གིས་མཉམ་ཚུགས་བྱས་བ་ཞིག་ཡིན་ཞིང་། ཚོགས་པ་དེའི་དམིགས་ཡུལ་ནི་བོད་ཀྱི་ལས་འགུལ་འཛམ་གླིང་རྒྱལ་ཁབ་གང་སར་ཤུགས་ཆེ་རུ་བཏང་ཐབས་དང་། དེ་ཡང་ལས་དོན་དེའི་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་མཇུག་སྒྲིལ་ཐབས་དང་། རྒྱལ་སྤྱིའི་ཁྲིམས་དང་གཞིར་བཟུང་། བོད་མིའི་ཆབ་སྲིད་དང་དཔལ་འབྱོར། ཆོས་དང་རིག་གཞུང་སོགས་ཀྱི་ཐོབ་ཐང་བསྐྱར་གསོ་བྱེད་ཐབས་བྱེད་བཞིན་པ་ཡིན་འདུག

གསར་འགོད་པ་དབྱངས་སྒྲོལ་དང་གུ་རུ་ཆོས་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།