ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གསར་པ་འདེམས་བསྐོ་གནང་འདུག

འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡོད་པའི་ཉི་འོང་གྲོས་ཚོགས་ནང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྲོས་ཚོགས་གོང་མའི་ནང་སྐོངས་ཚོགས་གནང་སྟེ་གྲོས་ཚོགས་འཐུས་མི་རྣམས་བསམ་པ་གཅིག་མཐུན་གྱིས་ཡ་མ་ཏ་ནི་ ཨེ་རི་ཀོ་ (Yamatani Eriko) ལགས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་པར་བསྐོ་བཞག་གནང་བ་དང་། ཡ་མ་དྷ་ ཧི་རོ་ཤི་ (Yamada Hiroshi) ལགས་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་གནང་འདུག
ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་གསར་རྙིང་བར་ལས་དོན་རྩིས་སྤྲོད་རྩིས་ལེན་གནང་བའི་སྐབས་ཚོགས་གཙོ་ཟུར་པ་ཤི་མོ་མུ་ར་ ཧ་ཀུ་བྷན་(Shimomura Hakubun) ལགས་ཀྱིས་ཡ་མ་ཏ་ནི་ ཨེ་རི་ཀོ་ (Yamatani Eriko) ལགས་ནི་བོད་དོན་སྤྱི་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་སྣང་ཆེན་པོ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་པས་ཁོང་ལ་རྩིས་སྤྲོད་གནང་རྒྱུར་ལས་དོན་སྒྲུབ་ཕྱོགས་ཀྱི་ཐོག་ནས་ཡིད་ཆེས་གཙང་མ་ཡོད་ཅེས་དང་། དེ་བཞིན་དྲུང་ཆེ་གསར་པ་ཡ་མ་དྷ་ ཧི་རོ་ཤི་ (Yamada Hiroshi) ལགས་ཀྱིས་ཉི་འོང་རྒྱལ་ཁབ་ནང་དུ་བོད་དོན་གོ་རྟོགས་སྤེལ་བའི་ཐད་མཐུན་འགྱུར་སྦྱར་གནང་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་ཅེས་གསུང་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་ལུང་འདྲེན་ཞུས་འདུག
ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་པ་ཡ་མ་ཏ་ནི་ ཨེ་རི་ཀོ་ (Yamatani Eriko) ལགས་ཀྱིས་ཁོང་ལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་ཁུར་རྩིས་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་པ་དང་། བོད་དོན་ཞུ་གཏུག་དང་གོ་རྟོགས་སྤེལ་ཕྱོགས་ཐད་འབད་བརྩོན་གང་ཡོད་གནང་རྒྱུའི་ཁས་ལེན་གནང་འདུག་ལ། ཁོང་ཕྱི་ལོ་ ༢༠༡༡ ལོར་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་གནང་པ་དང་། ཡང་ཕྱི་ལོ་ ༢༠༡༦ ལོར་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཞུས་པ་ནས་བཟུང་ཚོགས་མིའི་ཁོངས་སུ་ཞུགས་ཡོད་པ་སོགས་ཀྱི་གནས་སྟངས་ཕྱིར་དྲན་གནང་འདུག
དེ་བཞིན་ཡང་གསར་དུ་བསྐོ་གཞག་གནང་པའི་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཧི་རོ་ཤི་ (Hiroshi) ལགས་ཀྱིས་ཚོགས་མི་རྣམས་ལ་འཚམས་འདྲི་གནང་བ་དང་འབྲེལ། བོད་མི་ཚོ་དང་ལྷན་དུ་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་འདུ་ཚོགས་གནང་སྟེ་བོད་མིའི་བདེན་དོན་དང་རང་དབང་ཆེད་ལས་དོན་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཚོགས་འདུ་དེར་ཆེད་བཅར་ཀྱིས་ཁོང་རྣམ་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་མཉམ། མ་འོངས་བོད་དོན་གྱི་ལས་འཆར་དང་། གནད་དོན་འདྲ་མིན་ཐོག་ངོ་སྤྲོད་དང་གྲོས་བསྡུར་གནང་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།