སྐུ་ཞབས་ཇོ་སྦ་ཡེ་ཌེན་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་འདུག
2020.11.07
ཕྱི་ལོ་ ༢༠༢༠ ལོའི་རྣོ་ངར་ཆེ་བའི་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ཁྲོད་སྐུ་ཞབས་ཇོ་སྦ་ཡེ་ཌེན་ལ་རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་ ༡༡ ཚེས་ ༧ ཉིན་ཨེ་པི་དང་དེ་མིན་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གིས་སྐུ་ཞབས་ཇོ་སྦ་ཡེ་ཌེན་ལ་མངའ་སྡེ་ Pennsylvania དང་ Arizona, Nevada བཅས་ནང་གི་འོས་གྲངས་མང་བ་ཐོབ་སྟེ་ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་བའི་གནས་ཚུལ་བཀོད་སྤེལ་བྱས་འདུག ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གཉེར་ཞིང་། འོན་ཀྱང་འགྲན་བསྡུར་ཆེ་བའི་མངའ་སྡེ་ཁག་གཅིག་གི་འོས་ཤོག་གྲངས་གཤེར་མ་ཟིན་སྟབས། ཕྱི་ཟླ་ ༡༡ ཚེས་ ༧ བར་ཚོད་དཔག་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ད་ཆ་སྐུ་སྦ་ཡེ་ཌེན་ལ་འོས་གྲངས་མང་ཤོས་ཐོབ་སྟེ་འདེམས་ཐོན་སྲིད་འཛིན་ཡིན་པའི་གནས་ཚུལ་བཀོད་སྤེལ་བྱུང་བཞིན་ཡོད་ན་ཡང་། སྲིད་འཛིན་ཌོ་ནལ་ཏྲམ་མཆོག་གིས་མངའ་སྡེ་མང་དག་ཅིག་གི་ནང་འོས་ཤོག་གྲངས་གཤེར་དྲང་བདེན་བྱུང་མིན་གསུངས་ཏེ་ཁྲིམས་ཐོག་ནས་གྱོད་གཏུག་གནང་འགོ་བཙུགས་ཡོད་པ་རེད། སྐུ་ཞབས་ཇོ་སྦ་ཡེ་ཌེན་ནི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྒྱུན་རིང་གནང་མྱོང་མཁན་ཞིག་ཡིན་ལ། སྐུ་ཞབས་བྷ་རག་ཨོ་བྷ་མའི་སྲིད་འཛིན་སྐབས་ལོ་བརྒྱད་རིང་སྲིད་འཛིན་སྐུ་གཞོན་ཡང་གནང་ཡོད་པ་རེད། ཁོང་གིས་འདི་ལོ་ཕྱི་ཟླ་ ༩ པའི་ནང་། གལ་ཏེ་ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་དང་། བོད་མིའི་གནད་དོན་ཐད་ཐུགས་འཁུར་བཞེས་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད། སྲིད་འཛིན་ཌོ་ནལ་ཏྲམ་མཆོག་གི་སྲིད་འཛིན་གྱི་དུས་ཡུན་རིང་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་བོད་དོན་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་མཚན་རྟགས་སྐྱོན་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་གྱུར་ཡོད་པ་རེད། དེ་བཞིན་འདི་ལོ་ཕྱི་ཟླ་ ༡༠ པའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གི་བོད་དོན་ཐད་འགན་འཁུར་བཞེས་མཁན་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་གཞག་ཀྱང་གནང་ཡོད། འོན་ཀྱང་ས་མིག་འདི་སྐུ་ཞབས་ཏྲམ་སྲིད་འཛིན་གནང་ཡུན་གྱི་ལོ་གསུམ་ཙམ་ལྷག་རིང་སྟོང་པར་ལུས་ཡོད་པ་རེད།།