གསར་འགོད་པ་གྲགས་ཅན་Jonathan Mirsky ལགས་འདས་གྲོངས་སུ་ཕྱིན་འདུག

2021-09-11
Share
གསར་འགོད་པ་གྲགས་ཅན་Jonathan Mirsky ལགས་འདས་གྲོངས་སུ་ཕྱིན་འདུག Jonathan Mirsky ལགས་དང་༧གོང་ས་མཆོག
པར་ཚགས།

གཟའ་འཁོར་འདིའི་ནང་ ཨ་རིའི་གསར་འགོད་པ་Jonathan Mirsky ལགས་་དགུང་ལོ་༨༨ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་དང་། ཁོང་ནི་སྔོན་ཆད་དབྱིན་ཡུལ་རྒྱལ་ས་London ནང་རྟེན་གཞི་བྱས་པའི་The Observer གསར་ཁང་གི་རྒྱ་ནག་གི་ས་གནས་གསར་འགོད་པ་ཞིག་ཡིན་པ་རེད་ སྤྱི་ལོ་༡༩༨༩་ལོར་རྒྱ་ནག་གི་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་སྐབས་ཁོང་གིས་ས་གནས་ས་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་རྒྱ་ཆེ་བཀོད་སྤེལ་གནང་བར་བརྟེན་ནས་ལོ་དེར་ཁོང་ལ་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་གསར་འགོད་པའི་གཟེངས་རྟགས་ཕུལ་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན་ ༡༩༦༠རེ་གྲངས་ནང་ཁོང་གཞོན་དུས་སྐབས་ཨ་རིས་Vietnam གྱི་དམག་འཁྲུག་ལ་ངོ་རྒོལ་གནང་མཁན་ཞིག་དང་། ལྷག་པར་དུ་སྤྱི་ཚོགས་རིང་ལུགས་དང་མའོ་ཙེ་ཏུང་གི་དམར་པོའི་ལྟ་གྲུབ་ལ་དགའ་ཞེན་ཆེན་པོ་ཡོད་འདུག འོན་ཀྱང་རྒྱ་ནག་ནང་སྐོར་བསྐྱོད་ལན་མང་གནང་སྟེ་རིགས་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་ངོ་མ་རྒྱུད་ལོན་བྱུང་པའི་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་དང་ལྟ་གྲུབ་ལ་འགག་པ་སྐྱོན་བརྗོད་གནང་མཁན་གཙོ་བོ་ཞིག་ཏུ་གྱུར་ཡོད་འདུག སྐུ་ཞབས་ Jonathan Mirsky ལགས་ནས་གསར་འགོད་ཀྱི་ལས་དོན་དང་འབྲེལ་ཏེ་བོད་ནང་ཐེངས་དྲུག་ཙམ་ཕེབས་མྱོང་ཡོད་པ་དང་། དེ་འདྲའི་སྐོར་བསྐྱོད་ཀྱི་རྒྱུད་རིམ་ཐོག་ནས་རྒྱ་ནག་གུང་ཁྲན་ཏང་གི་བོད་ནང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཐེར་འདོན་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་དབང་བསྒྱུར་ཁོ་ན་མ་ཡིན་པར་གྲངས་ཉུང་མི་རིགས་ཐོག་རྒྱ་ཧན་མི་རིགས་རིང་ལུགས་ཀྱི་དབྱེ་འབྱེད་ཀྱི་སྲིད་ཇུས་ཡིན་པར་སྐྱོན་བརྗོད་གནང་ཡོད་པ་རེད།  ཁོང་བཞུགས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་དང་ བཀའ་འདྲི་དགོངས་སྐོར་ཞུས་མྱོང་ཡོད་པ་མ་ཟད་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེའི་གྲོགས་པོ་ཞིག་ཀྱང་ཡིན་པ་གནས་ཚུལ་ནང་གསལ་འདུག་ལ་༧གོང་ས་མཆོག་གིས་ཁོང་མ་འདས་གྲོངས་མ་ཕེབས་པའི་གཟའ་འཁོར་ཁ་ཤས་སྔོན་ཁོང་ལ་ཐུགས་སྨོན་གསུང་འཕྲིན་ཞིག་ཀྱང་སྩལ་གནང་མཛད་འདུག།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།