བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་གི་ཡིན་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཆོག་གིས་རང་ཉིད་མང་གཙོ་དང་རང་དབང་ལ་ཡིད་ཆེས་ཡོད་པར་བརྟེན་བོད་དང་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་གི་ཡིན་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཕྱི་ཚེས་༡༩ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་John Boehnerམཆོག་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་ བཀའ་ཁྲི་མཆོག་ནས་ཚོགས་གཙོ་མཆོག་གིས་ད་བར་བོད་དོན་དང་བོད་མི་ཚོར་རྒྱབ་སྐྱོར་གནང་བར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་མ་ཟད། ཚོགས་གཙོ་མཆོག་གིས་ཀྱང་ཁོང་རང་ཉིད་མང་གཙོ་དང་རང་དབང་ལ་ཡིད་ཆེས་ཡོད་པར་བརྟེན་ནས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུང་འདུག གཞན་ཡང་བཀའ་བློན་ཁྲི་པ་མཆོག་གིས་དེའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ John Kerryམཆོག་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད། ཉིན་དེའི་དགོང་མོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་དགའ་བསུའི་གསོལ་ཚིག་ཞིག་བཤམ་པའི་སྐབས་བཀའ་བློན་ཁྲི་པ་མཆོག་ནས་ད་རེས་ཨ་རིའི་རྒྱལ་སའི་ཁུལ་དུ་ཕེབས་ནས་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱི་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཐུབ་པ་བྱུང་བ་གསུང་སོང་ཞེས་དང་། ཡང་བཀའ་བློན་ཁྲི་པ་མཆོག་ནས་ད་རེས་ཨ་རིའི་རྒྱལ་སའི་ཁུལ་དུ་ཕེབས་ནས་ཨ་རིའི་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་བ་བརྒྱུད་ཨ་རིའི་དཔོན་རིགས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུར་ཕན་ཐོགས་ངེས་ཅན་ཞིག་བྱུང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་དྲ་གནས་སོགས་ཡར་རྒྱས་ཕྲན་བུ་བཏང་ཡོད་པ་དང་མུ་མཐུད་ནས་ ཡར་རྒྱས་གཏོང་རྒྱུའི་རེ་བ་གནང་བཞིན་ཡོད་པའི་སྐོར་སོགས་གསུང་བཤད་གནང་དང་འབྲེལ་དགའ་བསུའི་གསོལ་ཚིག་ཐོག་ཕེབས་པའི་ས་གནས་བོད་མི་ཚོས་བཀའ་བློན་ཁྲི་པ་མཆོག་ལ་བོད་དོན་དང་། དེ་བཞིན་བཙན་བྱོལ་བོད་མིའི་སློབ་གསོའི་ལས་གཞི་སོགས་གནད་དོན་ཁག་ཅིག་ཐོག་དྲི་བ་དྲི་ལན་ཡང་གནང་སོང་།