སྐལ་བཟང་ཡེ་ཤེས་གྲོངས་རྗེས་རུས་ཐལ་ཙམ་ཡང་སྤྲད་མི་འདུག

2014-12-24
གློག་འཕྲིན།
མཆན།
Share
པར་བཀོད།
རྟའུ་ཉ་མཚོ་དགོན་པའི་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས། ༢༠༡༤།༡༢།༢༣
རྟའུ་ཉ་མཚོ་དགོན་པའི་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས། ༢༠༡༤།༡༢།༢༣
བོད་འབྱོར།

རྟའུ་ཉ་མཚོ་དགོན་པར་རང་ལུས་མེར་བསྲེཊ་བཏང་མཁན་སྐལ་བཟང་ཡེ་ཤེས་ལཊ་སྐུ་གྲོངས་ཡོད་པ་དང་། ཉེན་རྟོག་པས་བོད་མིའི་ཐོག་མེ་མདའ་རྒྱབ་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་རྟའུ་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། ཁ་སང་རྟའུ་ཉ་མཚོ་དགོན་པར་རང་ལུས་མེར་བསྲེགས་གཏོང་མཁན་སྐལ་བཟང་ཡེ་ཤེས་ལགས་དགེ་འདུན་པ་དང་ས་གནས་བོད་མི་ཚོས་ཁོང་བདག་པོ་རྒྱག་ཐབས་བྱེད་སྐབས་དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་འབྱོར་ནས་བོད་མིའི་ཁྲོད་མེ་མདའ་རྒྱབ་ནས་བོད་མི་ཚོ་ཁ་འཐོར་ལ་གཏོང་ཐབས་བྱས་སྐབས་བོད་མི་དགེ་འདུན་པ་ཚེ་རིང་རྩིས་ཉུང་མཐར་མི་གཉིས་ལ་མེ་མདའ་ཐོག་ནས་རྨས་སྐྱོན་ཕོག་ནས་བོད་མི་ཁ་འཐོར་ལ་བཏང་རྗེས། སྐལ་བཟང་ཡེ་ཤེས་ལགས་ཉེན་རྟོག་པས་རྟའུ་རྫོང་གི་སྨན་ཁང་ལ་བཙན་འཁྱེར་བྱས་ཡོད་པ་དང་། དེ་ནས་ཉེན་རྟོག་པས་དར་རྩེ་མདོ་ལ་ཁྲིད་སྐབས་ཚེས་༢༣ཉིན་གྱི་དགོང་དྲོར་ལམ་བར་ནས་སྐུ་གྲོངས་ཡོད་པ་རེད་འདུག ཁོང་གི་ནང་མི་དང་། དགོན་པའི་དགེ་འདུན་པ་ས་གནས་བོད་མི་རྒན་གྲས་ཚོས་སྐལ་བཟང་ཡེ་ཤེས་ལགས་ཀྱི་སྐུ་ཕུང་རག་ཐབས་དང་དགོན་པར་གདན་ཞུ་བྱས་ནས་བོད་ཀྱི་སྲོལ་རྒྱུན་འགྲོ་སྟངས་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་རེ་བ་བཏོན་ཡོད་ཀྱང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་གི་སྐུ་ཕུང་དར་རྩེ་མདོ་ནས་ཞུགས་འབུལ་བྱས་ཚར་བ་མ་ཟད་རུས་ཐལ་སོགས་དར་རྩེ་མདོའི་གཙང་བོར་གཏོར་ཚར་བ་བཤད་ཡོད་འདུག
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བརྗོད་དོན། སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས་ལག་ལ་བོད་ཀྱི་རྒྱལ་དར་འཁྱེར་ཡོད་པ་དང་། ཁོང་གི་གཟིམ་ཤག་དུ་༧གོང་ས་མཆོག་གི་སྐུ་པར་གཤམ་ལ་བོད་མི་ས་ཡ་དྲུག་གིས་ཁྱེད་ལ་རེ་སྒུག་བྱས་ཡོད་ཅེས་བྲིས་བའི་སྐུ་པར་མདུན་ཁ་བཏགས་ཤིག་གཤམ་ནས་བཞག་ཡོད་པ་རེད་འདུག
ད་ལྟ་ས་གནས་སུ་དམ་དྲག་ཡོད་མིན་ལ་མ་བལྟོས་བར་དགེ་འདུན་པ་དང་། བཙུན་མ་ས་གནས་བོད་མི་སོགས་མང་པོ་རྟའུ་ཉ་མཚོ་དགོན་པར་འཛོམས་ནས་མཆོད་འབུལ་བསྔོ་སྨོན་གསུངས་བཞིན་པ་དང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་དམ་དྲག་མ་བྱས་བ་ཡིན་ན་མཆོད་འབུལ་བསྔོ་སྨོན་ཉིན་གྲངས་གསུམ་རིང་ཚོགས་འཆར་ཡོད་པ་ངོ་སྤྲོད་བྱས་བྱུང་།
རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་སྤྱི་ཟླ་༡༢ཚེས་༢༣ཉིན་རྟའུ་ཉ་མཚོ་དགོན་པར་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་ལས་ཁུངས་མདུན་བོད་ཀྱི་རྒྱལ་དར་བསྒྲེངས་ཞོར༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པ་རེད།
དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་སྐུ་ནོར་ཡུལ་ཚོའི་ཐེ་ཝ་གྲོང་པ་ནས་ཡིན་པ་དང་། ཁོང་ད་ལོ་དགུང་ལོ་༣༨ ཙམ་ཡིན་འདུག    དེ་སྔོན་༡༩༩༧ལོར་རྒྱ་གར་ལ་ཕེབས་ཏེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། རྗེས་སུ་ཕྱིར་ཕ་ཡུལ་ལ་ཕྱིར་ལོག་གནང་རྗེས་སྨྱུང་གནས་བླ་མ་གནང་བ་དང་། དེ་བཞིན་ས་གནས་བོད་མི་ཚོར་ཆོས་བཤད་དང་། དཔེ་ཁྲིད། རིག་གནས་འཆད་སྤེལ་སོགས་ཀྱི་ཕྱག་ལས་གནང་བར་ས་གནས་བོད་མི་ཚོས་གུས་བརྩི་ཆེན་པོ་གནང་ས་ཞིག་ཡིན་འདུག སྐལ་བཟང་ཡེ་ཤེས་ལཊ་ཀྱིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་བ་དེ་ཟླ་བ་འདིའི་ནང་བོད་ནས་བོད་མིས་རང་ལུས་མེར་བསྲེགས་མཁན་གསུམ་པ་དང་། ད་བར་བོད་ནས་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༣༦པ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།