༧གོང་ས་མཆོག་ལ་མཚན་དམོད་ཞུས་ཚེ་བཀའ་ཤག་གིས་དེར་གདོང་ལེན་གྱིས་བྱེད་ཐབས་རྩོམ་རྒྱུ་ཡིན་པ་བསྒྲགས་འདུག

2022.01.20
༧གོང་ས་མཆོག་ལ་མཚན་དམོད་ཞུས་ཚེ་བཀའ་ཤག་གིས་དེར་གདོང་ལེན་གྱིས་བྱེད་ཐབས་རྩོམ་རྒྱུ་ཡིན་པ་བསྒྲགས་འདུག བཀའ་ཤག་གི་ཡོངས་ཁྱབ་གཞེན་སྐུལ་ཡིག་ཆ། ༠༡།༡༩།༢༠༢༢
སྒྲིག་བཟོ།/RFA

འདི་ཚེས་༡༩་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། གཞིས་བྱེས་གཉིས་ཚེ་སྲོག་གི་ཕུང་པོ་གཅིག་ཏུ་དྲིལ་བའི་སྤུན་ཟླའི་འདུ་ཤེས་ཉམས་མེད་ཐོག སྤྱི་སྒེར་གྱི་ལས་དོན་ཅི་རིགས་ཐོག་ཁུར་འཁྲིའི་ལས་འགན་ངོས་འཛིན་འཕྱུགས་མེད་ཀྱི་སྒོ་ནས་རང་ནུས་རྩལ་སྤྲུགས་ཀྱིས་དཀའ་སྤྱད་འབད་འབུངས་ལྷོད་མེད་གནང་དང་གནང་བཞིན་པའི་ཚུལ་འདིར་བསམས་ན། གཞིས་ལུས་བོད་མི་རྣམས་ཀྱི་ལ་རྒྱའི་དབུ་འཕང་དགུང་ལ་འདེགས་པའི་སེམས་ཤུགས་ཀྱི་རྒྱབ་རྟེན་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐྱ་སེར་ཕོ་མོ་ཐམས་ཅད་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་སྤྱི་དོན་ཐོག་ནུས་པ་མཉམ་སྤུངས་བགྱིས་པའི་ཉེར་ལེན་གྱིས་ཡིན་པ་གོར་མ་ཆག་ཅིང་། མ་འོངས་པར་བོད་མི་ཐུན་མོང་གི་ཕུགས་དམིགས་སུ་གོམ་པ་མདུན་སྤོ་བྱེད་པའི་རྨང་གཞིའང་འདི་ཉིད་ཡིན་ངེས་པས། ང་ཚོས་ཆིག་སྒྲིལ་གྱི་སྟོབས་ཤུགས་འདིའི་དགེ་མཚན་རྣམས་དྲན་ཡུལ་ནས་ཡུད་ཙམ་ཡང་བརྗེད་མེད་སྙིང་བཅངས་དགོས་ངེས་ཡིན།
ཡིན་ནའང་། བློ་ཕྱི་གཏོད་བྱེད་མཁན་རེ་ཟུང་ཞིག་གིས་སྤྱི་ཚོགས་དྲ་ལམ་དུ་གཞི་མེད་དཀྲོག་གཏམ་དང་དཀྲུག་ཤིང་གིས་གཏམ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། ཐ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་ཟུར་ཟ་དང་། དམའ་འབེབས། མཚན་དམོད་ཀྱི་སྡིག་ལས་ཚབས་ཆེན་རྩོམ་པ་ནི། ཆོས་དང་འཇིག་རྟེན་གཉིས་ཐད་ནས་མ་རུང་བའི་ལས་ཡིན་པས། ངན་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག་པ་མ་ཟད། དེ་དག་གིས་ད་དུང་མུ་མཐུད་༧གོང་ས་མཆོག་ལ་མཚན་དམོད་དང་། སྤྱི་ཚོགས་དཀྲུག་གཞིའི་གཏམ་སྤྱོད་སྤེལ་ཚེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་བྱེད་ཐབས་རྩོམ་གྱི་ཡིན་པས། ཡོལ་རྒྱབ་ཀྱི་ངན་མཚང་བརྟོལ་བའི་རྗེས་འབྲས་རང་ཐོག་ཏུ་ལྷུང་སྐབས་ཀྱི་གནས་སྟངས་ཇི་འབྱུང་སྔོན་ཚུད་བསམ་ཞིབ་ཐུབ་དགོས་པའི་སྔོན་བརྡ་གཏོང་གི་ཡོད་ཅེས་འཁོད་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྩ་བའི་ཆ་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་དགོངས་པ་གཙོ་བོ་ཞིག་ནི། ཕྱི་གསལ་ནང་གསལ་བྱ་རྒྱུ་དེ་ཡིན་པས། རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་དཀའ་ངལ་དང་དོགས་པ། ཞུ་གཏུག་བྱེད་པ་སོགས་གནད་དོན་གང་འདྲ་ཞིག་ཡིན་རུང་གཞུང་དང་འབྲེལ་ཡོད་ལས་ཁུངས་སུ་ཐད་ཀར་འབྲེལ་བ་ཞུ་དགོས་གལ་ཆེ་བ་ལས། སྤྱི་ཚོགས་དྲ་རྒྱར་ཡོད་ཚད་སྤུངས་ནས་གཞི་མེད་སྐྱོན་འཛུགས་དང་། བདེན་པ་མ་ཡིན་པའི་གནས་ཚུལ་བསྒྲགས་བཞིན་པ་བཅས་ནི་མི་མང་ལ་མགོ་སྐོར་གཏོང་ཐབས་ཡིན་པས་མང་ཚོགས་ཀྱི་ངོས་ནས་དེའི་རིགས་ལ་གསན་འཇོག་མ་གནང་རོགས་ཞེས་གསུང་བྱུང་།
ད་དུང་གོང་ཞུས་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དཀྲོག་གཏམ་དང་དཀྲུག་ཤིང་གི་རྗེས་སུ་མི་འབྲངས་པ་དང་། ངན་གཡོའི་སྡིངས་ཆ་ཡ་མེད་དུ་འཇོག་སླད། གཞི་མེད་གཏམ་འཆལ་དེ་རིགས་ལ་ལྟ་ཉན་མི་བྱེད་པ་དང་། བརྒྱུད་བསྐུར་དེ་བས་ཀྱང་མི་བྱེད་པའི་ཆོད་སེམས་བཅངས་ཏེ་འཛིན་སྐྱོང་དང་འབྲེལ་བའི་དྲི་བ་དང་བློ་དོགས་རྣམས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་གཏུགས་གནང་གལ་ཆེ་ཞེས་འཁོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎