སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་ཞུས་པ་ནི། གཞོན་སྐྱེས་ཁྲོད་སྒྱུ་རྩལ་ལ་བོད་ཀྱི་འཐབ་རྩོད་ཐོག་ཕན་པ་སྒྲུབ་རྒྱུའི་ནུས་པ་ལྡན་ཡོད་པའི་གོ་རྟོགས་སྤེལ་ཆེད་དུ་ཡིན་ཞེས། སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་གནང་མཁན་བཀྲ་ཤིས་ཉི་མ་ལགས་ཀྱིས་གསུངས་པ།
ཟླ་བ་འདིའི་ཚེས་ ༡༣ ནས་ ༡༩ བར་བཅས་བདུན་ཕྲག་གཅིག་གི་རིང་ཁ་དོག་ཞེས་པའི་བོད་ཀྱི་སྒྱུ་རྩལ་ཚོགས་པས་བྱིས་པའི་རི་མོའི་སྒྱུ་རྩལ་ཞིག བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ཀཱང་རྭ་འགྲེམས་སྟོན་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། སྒྱུ་རྩལ་འགྲེམས་སྟོན་དེ་ལྟ་བུ་ཞིག་གོ་སྒྲིག་བྱས་པའི་དམིགས་ཡུལ་གཙོ་བོ་ནི། བོད་པའི་གཞོན་སྐྱེས་ཁྲོད་སྒྱུ་རྩལ་གྱི་གལ་གནད་སྐོར་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་འཐབ་རྩོད་ལའང་ཕན་ཐོགས་ཆེན་པོ་ཡོད་ཅེས། སྒྱུ་རྩལ་འགྲེམས་སྟོན་དེ་བཞིན་གོ་སྒྲིག་གནང་མཁན་བཀྲ་ཤིས་ཉི་མ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་གྱི་དབུ་བྱེད་མཛད་སྒོའི་མགྲོན་གཙོ་བོར་ཀཱང་རྭ་རྫོང་དཔོན་ཧེམ་རཱ་ཇ་བྷེར་ལྦ་ Hemraj Bairwa ཆེད་ཕེབས་གནང་ཡོད་པ་དང་ཁོང་གིས། འགྲེམས་སྟོན་དེ་དག་བརྒྱུད་མ་འོངས་བོད་ཀྱི་གཞོན་སྐྱེས་རྣམས་ནས་བོད་དོན་འཐབ་རྩོད་དང་། ལྷག་པར་བཙན་བྱོལ་བོད་བོད་མིའི་སྒྲིག་འཛུགས་ཀྱིས་སྐུ་ལས་བསྐྱོན་པ་རྣམས་ཤེས་རྟོགས་ཐུབ་དགོས་གལ་ཆེན་པོ་ཡིན་ཞིང་། མ་འོངས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་བོད་དོན་འཐབ་རྩོད་བྱེད་བཞིན་པ་དེར་སྔར་ལྷག་ནུས་པ་ཆེ་རུ་གཏོང་བར་སེམས་ཤུགས་འཕར་མ་བསྐྲུན་ངེས་རེད་ཅེས་གསུངས་བྱུང་།
ཁ་དོག་སྒྱུ་རྩལ་བ་ཚོགས་པས་སྒྱུ་རྩལ་འགྲེམས་སྟོན་གནང་བཞིན་ཡོད་པ་དེའི་ཐོག རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སམ་བྷོ་ཊ་དཔེ་སྟོན་སློབ་གྲྭ་དང་། རྡ་སྟེང་བོད་ཁྱིམ། སུ་ཇཱ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ་དང་གོ་པལ་པུར་བོད་ཁྱིམ་བཅས་ཁྱོན་སློབ་གྲྭ་ལྔ་ནས་ Dreaming Tibet ཞེས་ང་བོད་དུ་ཡོད་ན་ཞེས་པའི་བརྗོད་གཞིའི་ཐོག་གི་སྒྱུ་རྩལ་འགྲན་བསྡུར་ཁྲོད་མཉམ་ཞུགས་གནང་ཡོད་པ་དང་། སྒྱུ་རྩལ་འགྲན་བསྡུར་དེའི་ཐོག་སློབ་གྲྭ་དེ་དག་ནས་ཁྱོན་སློབ་མ་གྲངས་༢༠༠ནས་མཉམ་བཞུགས་གནང་ཡོད་ཀྱང་། སློབ་མ་དེ་དག་ཁྲོད་སྒྱུ་རྩལ་རྩེ་ཕུད་ལྔ་བཅུ་འགྲེམས་སྟོན་ཆེད་བདམས་ཐོན་གནང་ཡོད་པ་དང་། ཁོང་རྣམ་པར་དེ་མཚུངས་ཕྱག་ཁྱེར་ཞིག་ཀྱང་ཕུལ་རྒྱུ་ཡིན་པ་རེད་འདུག
འདི་ག་གསར་འགོད་པས་རི་མིའི་སྒྱུ་བརྩལ་དེའི་ཐོག་མཉམ་བཞུགས་གནང་མཁན་གི་སློབ་མ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། ཁོང་རྣམས་ཀྱི་སྒྱུ་རྩལ་ནི་བོད་ནང་རྒྱ་ནག་གཞུང་གིས་བཙན་གནོན་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་གསལ་སྟོན་གྱི་སྒྱུ་རྩལ་ཡིན་ཞིང་། བོད་ནང་རང་དབང་མེད་པ་དེ་བཞིན་རི་མོའི་སྒྱུ་རྩལ་གྱི་ལམ་ནས་ངོ་སྤྲོད་ཐུབ་ཐབས་གནང་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་ཁ་དོག་ཅེས་པའི་རི་མོའི་འགྲེམས་སྟོན་ནི། བཙན་བྱོལ་བོད་རིགས་སྒྱུ་རྩལ་བའི་མཐུན་ཚོགས་ཀྱིས། ཉེ་སྔོན་དུས་མོན་རྐྱེན་འདས་སུ་སོང་བའི་བོད་རིགས་སྒྱུ་རྩལ་བ་འཇིགས་མེད་ཆོས་གྲགས་ལགས་(༡༩༩༧-༢༠༢༣)ཀྱི་རྗེས་དྲན་མཚོན་ཆེད། མཉམ་རུབ་སྒོས་སྤེལ་བའི་རི་མོའི་འགྲེམས་སྟོན་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། འགྲེམས་སྟོན་འདིའི་བརྒྱུད། རྒྱ་ཆེའི་གཟིགས་མོ་བ་ཚོར་ཁོང་གིས་འཚོ་བའི་འཆར་སྣང་ལས་བསྐྲུན་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཁོད་ཡངས་དེར་ཕྱིར་བལྟ་དང་ཁོང་གི་སྒྱུ་རྩལ་གྱི་བརྩམས་ཆོས་ར་རེར་མཉམ་རོལ་ཐུབ་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།