དཀོན་མཆོག་སྦྱིན་པ་དམ་པས་བོད་ནང་གི་དངོས་ཡོད་གནས་ཚུལ་བཤད་པས་འཛིན་བཟུང་བྱས་པ་རེད་ཟེར།

2021-02-17
Share
དཀོན་མཆོག་སྦྱིན་པ་དམ་པས་བོད་ནང་གི་དངོས་ཡོད་གནས་ཚུལ་བཤད་པས་འཛིན་བཟུང་བྱས་པ་རེད་ཟེར། དཀོན་མཆོག་སྦྱིན་པ་ལགས།
© Private/HRW

ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་འདས་གྲོངས་སུ་ཕྱིན་པ་ནི་བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཐད་གྱོང་གུད་ཡིན་པ་འབྲེལ་ཡོད་མི་སྣ་ཚོས་ངོ་སྤྲོད་གནང་གི་འདུག
བོད་མདོ་ཁམས་འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོའི་གྲོང་ཚོ་ལྔ་པ་ནས་ཡིན་པའི་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༡ཚེས་༨ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་འབྲི་རུ་རྫོང་ནས་འཛིན་བཟུང་བྱས་རྗེས། ལོ་ངོ་༢༡གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་ནས་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་ཉེ་ལམ་སྤྱི་ཟླ་༢པའི་ཚེས་༦ཉིན་ཁོང་རྒྱ་ནག་གཞུང་གིས་དབྱེས་བའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་ནི་བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཡོང་བར་གྱོང་གུད་ཡིན་པ། རྒྱ་གར་གནས་བཞུགས་ཁམས་འབྲི་རུ་ནས་ཡིན་པའི་ཡར་དར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། ཁོང་གིས། དཀོན་མཆོག་སྦྱིན་པ་ལགས་རྒྱ་གར་ནས་ཕྱིར་ལོག་བྱས་པའི་རྗེས་འབྲི་རུ་ཁུལ་དུ་ས་གནས་མི་མང་ལ་སློབ་གསོ་གནང་བ་སོགས་ཕན་ཐོགས་ཆེན་པོ་བསྐྲུན་ཡོད་པར་བརྟེན། ཁོང་ལ་འབྲི་རུ་མི་མང་ནས་དགའ་མོས་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་བྱུང་།
དཀོན་མཆོག་སྦྱིན་པ་ལགས་ཀྱི་ཕའི་མིང་ལ་བསོད་ནམས་དབང་ལྡན་དང་། མའི་མིང་ལ་པད་ལྷ་ཟེར་ཞིང་། ཁོང་ཆུང་དུས་ནས་འགོམ་དགོན་གསར་ཆོས་འཁོར་བྱམས་པ་གླིང་དུ་ཆོས་ཞུགས་གནང་བ་དང་། སྤྱི་ལོ་༡༩༨༩སྤྱི་ཟླ་༡༠པའི་ནང་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་སྟེ། སྤྱི་ལོ་ ༡༩༩༦ལོར་རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་ཐོན་ཏེ། ཝཎ་མཐོ་སློབ་དུ་སློབ་གཉེར་གནང་མྱོང་ཡོད་འདུག་ཅིང་། དེ་ནས་སྤྱི་ལོ་༡༩༩༨ཙམ་ལ་ཁོང་བོད་ནང་ཕྱིར་ལོག་བྱས་ཏེ་ཐོག་མར་ཡུལ་སྐོར་སྣེ་ཤན་པའི་ཕྱག་ལས་གནང་འདུག ཡང་ཕྱིས་སུ་ཁོང་རྒྱ་གར་དུ་ཐེངས་ཁ་ཤས་འབྱོར་ཡོད་པ་དང་། རྒྱ་གར་དུ་འབྱོར་ཐེངས་མཐའ་མ་དེ་༢༠༡༢ལོར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་རུ་སླེབས་ཡོད་ཅིང་། དཀོན་མཆོག་སྦྱིན་པ་ལགས་སྤྱི་ལོ་༢༠༠༨ལོར་རྒྱ་གར་དུ་ཡོང་པའི་སྐབས་དངོས་སུ་ཐུག་འཕྲད་བྱུང་མྱོང་མཁན་བཞུགས་སྒར་རྡ་རམ་སཱ་ལར་གནས་བཞུགས། བོད་མི་མང་སྤྱི་འཐུས་ངག་དབང་ཐར་པ་ལགས་ཀྱིས་གསུང་ན། དཀོན་མཆོག་སྦྱིན་པ་ལགས་ནི་དཔའ་བློ་ཁོག་ཡོད་མཁན་ཞིག་ཡིན་པ་མ་ཟད། སྤྱི་ལོ་༢༠༡༡ནས་༢༠༡༣བར་འབྲི་རུ་རྫོང་དང་སོག་རྫོང་། དེ་བཞིན་སྦྲ་ཆེན་རྫོང་བཅས་གསུམ་གྱི་ནང་བོད་མི་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་བརྒྱ་ཆ་༦༠ཙམ་ཞིག་ཁོང་གིས་ཕྱི་ཕྱོགས་སུ་ངོ་སྤྲོད་གནང་ཡོད་པ་རེད་འདུག
ཡང་གོང་ཞུས་འབྲི་རུ་རྫོང་ནས་ཡིན་པའི་གནས་ཚུལ་ངོ་སྤྲོད་གནང་མཁན་ཡར་དར་ལགས་ཀྱིས། དཀོན་མཆོག་སྦྱིན་པ་ལགས་ཀྱིས་ལོ་ངོ་འདི་དག་གི་རིང་ལ་རྒྱ་ནག་གི་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་དགོས་བྱུང་བའི་རྐྱེན་གྱིས་གཟུགས་པོའི་གནས་སྟངས་ཛ་དྲགས་སུ་གྱུར་ཏེ། འདས་ལོ་༢༠༢༠སྤྱི་ཟླ་༡༡ནང་གསང་བའི་ངང་ལྷ་སའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང་། འདི་ལོའི་སྤྱི་ཟླ་༡ཚེས་༢༩ཉིན་དཀོན་མཆོག་སྦྱིན་པ་ལགས་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབ་བྱེད་བཞིན་ཡོད་པས་ཁྲག་གི་དགོས་མཁོ་ཡོད་སྐོར་རྒྱ་གཞུང་གིས་བཤད་ཡོད་ཅིང་། སྐབས་དེར་མི་ཁ་ཤས་ཁྲག་སྤྱིན་གཏོང་བར་སོང་ཡོད་ནའང་ཕྱི་ནས་མི་གཞན་པ་བརྒྱུད་ནས་ཁྲག་སྤྲོད་དགོས་པ་ལས་དངོས་སུ་ཐུག་བཅུག་མེད་པ་དང་། མི་རེ་ཟུང་དང་ཐུག་བཅུག་སྐབས་དཀོན་མཆོག་སྦྱིན་པ་ལགས་ཀླད་ཁྲག་འདྲེས་ནས་གཟུགས་པོ་ཡོངས་རྫོགས་འགུལ་རྒྱུ་མེད་པ་ཆགས་ཟིན་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་དཀོན་མཆོག་སྦྱིན་པ་ལགས་ཀྱིས་༢༠༡༣ལོར་འབྲི་རུ་རྫོང་གི་ཛ་དྲག་གི་གནས་ཚུལ་མང་པོ་ཞིག་ཕྱི་ཕྱོགས་ཀྱི་གསར་ཁང་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་འབྲེལ་ཡོད་ཚོར་ངོ་སྤྲོད་བྱས་ཡོད་པ་ཡར་དར་ལགས་ཀྱིས་འགྲེལ་བརྗོད་གནང་སོང་ལ་། དཀོན་མཆོག་སྦྱིན་པ་ལགས་ཀྱི་སྐད་ཆ་མཐའ་མ་དེ། སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༤པའི་ནང་ཕྱི་རུ་ཡོད་པའི་ཕ་ཡུལ་གཅིག་པ་འགའ་ཞིག་ལ་འགྲེལ་བརྗོད་བྱས་འདུག་པ་དེའི་ནང་ཁོང་གིས། ༼ད་ལྟ་ང་ཆུ་ཁ་ཞིག་ལ་ཡོད། ངའི་རྒྱབ་ཏུ་ལྟ་རྟོག་བྱེད་མཁན་མང་པོ་འདུག་པས་ང་མགྱོགས་པོར་འཛིན་རྒྱུ་གཏན་ཁེལ་ཟིན་འདུག ང་འཛིན་བཟུང་བྱས་རུང་སྐྲག་རྒྱུ་དང་བསད་སོང་རུང་མགྱོད་རྒྱུ་མེད། ཡིན་ནའང་དེ་རིང་ནས་ངས་གནས་ཚུལ་ཕལ་ཆེར་སྤྲད་ཐུབ་ས་མ་རེད། ང་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་ན་འཛིན་བཟུང་བྱས་པའི་རྟགས་ཡིན༽ཞེས་བརྗོད་ཡོད་པ་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་།
ད་དུང་ཁོང་གི་གནས་ཚུལ་ཐད་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་བར་དཀོན་མཆོག་སྦྱིན་པ་ལགས་ནང་བཞིན་བོད་མི་ཧ་ཅང་མང་པོ་བཙོན་འཇུག་གིས་ཉེས་འཛུགས་འདྲ་མིན་བྱས་བ་དང་། མནར་གཅོད་ཚད་མེད་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་ལ། ལྷག་པར་དུ་སྤྱི་ལོ་༢༠༡༣ལོ་ནས་བཟུང་འབྲི་རུ་རྫོང་གཅིག་པུའི་ནང་བོད་མི་༡༠༠༠ལྷག་འཛིན་བཟུང་བྱས་ཡོད་པའི་ནང་ནས་བོད་མི་༦༠༠སྐོར་ཞིག་ད་ལྟ་བར་དུ་གར་སོང་ཆ་མེད་དུ་གྱུར་ཡོད་པ་ངོ་སྤྲོད་གནང་སོང་།
རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་འོག་འབྲི་རུ་རྫོང་ཁུལ་དུ་བོད་མི་མང་པོ་ཞིག་བཙོན་འཇུག་གི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་མ་ཟད། སྤྱི་ལོ་༢༠༢༠ལོའི་ནང་འབྲི་རུ་རྫོང་གི་བུ་མོ་ལྷ་མོ་ལགས་རྒྱ་ནག་གཞུང་གིས་རྡུང་རྡེག་བཏང་རྐྱེན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་བཞིན་འབྲི་རུ་རྫོང་གི་གླུ་བ་ལྷུན་གྲུབ་གྲགས་པ་ལགས་དང་ཐར་པ་ལགས་སོགས་བོད་མི་མང་པོ་ཞིག་མུ་མཐུད་དུ་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ལྷག་ཡོད་པ་རེད།

ཡང་ཨ་མི་རི་ཀར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ཀྱིས། ད་རེས་དཀོན་མཆོག་སྦྱིན་པ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་མིན་པར། ཁོང་གི་ལུས་སེམས་གཉིས་ཀས་དཀའ་སྡུག་ཚད་མེད་མྱོང་ཡོད་པ་གསལ་པོ་རེད་ལ། ཁོང་དང་འདྲ་བའི་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་དེ་ལྟར་འདས་གྲོངས་སུ་གྱུར་ཡོད་པ་ངོ་སྤྲོད་གནང་སོང་ལ། དེ་བཞིན་ཨ་མི་རི་ཀར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་སངས་གྲོལ་ལགས་ཀྱིས། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ངོ་སྤྲོད་གནང་ཡོད།

མཐའ་དོན་ཡར་དར་ལགས་ཀྱིས་གསུང་ན། དཀོན་མཆོག་སྦྱིན་པ་ལགས་ནི་༢༠༡༣ལོར་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་གི་གནས་རི་ནགས་ལྷ་འཛམ་བྷའི་གཏེར་ཁ་སྔོག་འདོན་བྱེད་སར་མི་མང་གིས་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་དང་། དེའི་རྗེས་མི་སུ་དང་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་མེད། དེ་བཞིན་ས་གནས་སུ་ཛ་དྲག་གང་འདྲ་ཡིན་མིན་བཅས་ཀྱི་དངོས་ཡོད་གནས་ཚུལ་བཤད་མཁན་སྙིང་སྟོབས་ཅན་ཞིག་ཡིན་པ་དང་། ཁོང་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་འབྲི་རུ་རྫོང་གི་ཛ་དྲག་གི་གནས་སྟངས་ཕྱི་རུ་གོ་རྒྱུ་ཧ་ཅང་གི་དཀའ་ལས་ཁག་པོ་ཆགས་ཡོད་ཟེར།
དེའི་ཐད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ཕྱི་ཟླ་༢ཚེས་༡༧ཉིན་ཡིག་ཐོག་གསལ་བཤད་གནང་བའི་ནང་། བོད་ནང་གི་བོད་མི་མང་པོ་ཞིག་གིས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞི་བའི་ངང་བེད་སྤྱོད་བཏང་བ་ཙམ་གྱིས་་ནག་གཞུང་གིས་དྲག་གནོན་དང་། བཙོན་འཇུག་བྱེད་བཞིན་པ་རེད། ཨ་རི་ནི་རྒྱ་ནག་གི་དྲག་གནོན་དང་བཙོན་འཇུག་འོག་ཡོད་པའི་བོད་མི་དེ་དག་དང་མཉམ་དུ་ལངས་ཡོད། ཨ་རིའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོར། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་ལྟར། འགྲོ་བ་མིའི་ཐོབ་ཐང་དང་གཞི་རིམ་གྱི་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག
འདི་ཚེས་༡༦ཉིན་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)ལགས་ཀྱིས། དཀོན་མཆོག་སྦྱིན་པ་ནི་ཉེས་མེད་ལ་ཉེས་འཛུགས་བྱས་ཏེ་བཙོན་འཇུག་བྱས་བ་དང་། བཙོན་ཁང་ནང་མནར་གཅོད་ཀྱིས་འདས་གྲོངས་སུ་འགྲོ་རུ་བཅུགས་པའི་དཔེ་མཚོན་ཚབས་ཆེན་ཞིག་ཡིན་ལ། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་གིས་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་འགྲོ་རུ་བཅུགས་པར་འགན་འཁུར་དགོས་པའི་སྐྱོན་བརྗོད་གནང་འདུག
དཀོན་མཆོག་སྦྱིན་པ་ལགས་ནི་ད་ལོ་རང་ལོ་༥༡ཡིན་ཞིང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་སུམ་བརྒྱ་ཙམ་གྱི་སར་ཡོད་པའི་ནག་ཆུ་འབྲི་རུ་ནས་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།