ལྷ་སར་སྡོད་ཆོག་པའི་ལག་དེབ་ཀྱི་དུས་ཡུན་ལོ་གསུམ།

བོད་ནང་གི་བོད་པ་ཚོ་ལྷ་ས་སོགས་སུ་སྡོད་ཆོག་པའི་ལག་དེབ་དེ་དུས་ཡུན་རིང་ཤོས་ལ་ལོ་གསུམ་ལས་སྤྲོད་ཀྱི་མེད་པའི་གནས་ཚུལ།

2012.12.29

༄༅༎རྒྱ་གར་ནང་བོད་པ་ཚོ་གནས་སྡོད་ཆོག་པའི་ལག་དེབ་ཨར་སི་ཟེར་བ་དེ་ཡི་དུས་ཡུན་ལོ་ལྔ་བར་ཕྱིར་འགྱངས་བྱེད་པའི་སྐབས་དེར། བོད་ནང་གི་བོད་པ་ཚོ་ལྷ་ས་སོགས་སུ་སྡོད་ཆོག་པའི་ལག་དེབ་སྡོད་གནས་དཔང་ཡིག་ཟེར་བ་དེ་དུས་ཡུན་རིང་ཤོས་ལ་ལོ་གསུམ་ལས་སྤྲོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག
ཕྱི་ཚེས་༢༨་ཉིན་ལྷ་ས་ནས་བོད་ལྗོངས་ཚོང་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་ཏེ། མི་གྲངས་ལུགས་མཐུན་གྱིས་འཁོར་སྐྱོད་བྱེད་པར་སྣེ་འཁྲིད་དང་། དངོས་ཡོད་མི་གྲངས་དོ་དམ་དང་གནད་དོན་ཐག་གཅོད་བྱེད་བདེའི་ཆེད། ལྷ་ས་གྲོང་ཁྱེར་དང་། གཞིས་ཀ་རྩེ་ས་ཁུལ། ཆབ་མདོ་ས་ཁུལ་བཅས་སུ་སྤྱི་ཟླ་༡༢་ཚེས་༢༧་ནས་སྡོད་གནས་དཔང་ཡིག་སྤྲད་འགོ་བརྩམས་པ་ཡིན་ཞེས་བརྗོད་འདུག
དེ་ཡང་སྡོད་གནས་དཔང་ཡིག་གི་མདུན་ངོས་སུ་དོ་བདག་གི་པར་དང༌། གཡས་ངོས་སུ་བོད་རྒྱ་ཡིག་རིགས་གཉིས་ནང་དོ་བདག་གི་མིང་དང་། ཕོ་མོ། མི་རིགས། ཐོབ་ཐང་དཔང་ཡིག་གི་ཨང་རྟགས། སྡོད་གནས་ཁ་བྱང་། སྡོད་གནས་དཔང་ཡིག་གི་དུས་ཡུན་བཅས་བཀོད་པ་དང་། དཔང་ཡིག་དེའི་རྒྱབ་ངོས་སུ་པོ་ཏ་ལའི་པར་གྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ནང་བོད་རང་སྐྱོང་ལྗོངས་སྡོད་གནས་དཔང་ཡིག  །བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་བཟོས་ཞེས་བཀོད་ཡོད་པ་རེད།
ས་གནས་དེར་དུས་ཡུན་ཐུང་ཐུང་ནང་སྡོད་མཁན་ཡིན་ན་ལོ་གཅིག་དང། ཚོང་ལས་གཉེར་བ་དང་། ཁང་པ་ཉོས་ནས་ཡུན་རིང་བོར་སྡོད་དགོས་ཚེ་དུས་ཡུན་ལོ་གསུམ་གྱི་དཔང་ཡིག་སྤྲད་ཀྱི་ཡོད་པ་དང། དུས་ཚོད་དེ་ཡོལ་ན་སླར་ཡང་དཔང་ཡིག་དེ་འཁྱེར་ནས་བསྐྱར་བཟོ་བྱེད་དགོས་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པ་ནས་གཞུང་གཉེར་སློབ་གྲྭར་བཅུག་པའི་སློབ་ཕྲུག་ཚོ་ཕྱིར་འགྲོ་སྐྱོད་མི་ཆོག་པ་སོགས་བཙོན་པ་ལྟ་བུ་བྱས་ཏེ་སློབ་གྲྭའི་ནང་བཅུག་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎