ཐེ་ཝན་གྱིས་དོན་གཅོད་འཛུགས་རྒྱུའི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་ལི་ཐུ་ཝེ་ནི་ཡར་ཉེན་བརྡ་བཏང་འདུག

2021-07-20
Share
ཐེ་ཝན་གྱིས་དོན་གཅོད་འཛུགས་རྒྱུའི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་ལི་ཐུ་ཝེ་ནི་ཡར་ཉེན་བརྡ་བཏང་འདུག ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Joseph Wu)
AP

ལི་ཐུ་ཝེ་ནི་ཡའི་(Lithuania)་ནང་ཐེ་ཝན་གྱི་དོན་གཅོད་ལས་ཁུངས་གསར་དུ་སྒོ་འབྱེད་གནང་རྒྱུ་ཡིན་པར་རྒྱ་ནག་གཞུང་གིས་མ་དགའ་བའི་ཉེན་བརྡ་བཏང་འདུག
ཕྱི་ཚེས་༢༠་ཉིན་པེ་ཅིང་ནས་(Reuters)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཐེ་ཝན་དེ་བཞིན་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་མངའ་ཁུལ་ཞིག་ཡིན་ལུགས་འགྲེལ་བརྗོད་དང་མཉམ། ལི་ཐུ་ཝེ་ནི་ཡའི་བྷལ་ཊེ་ཁུ་(Baltic)་རྒྱལ་སའི་ནང་ཐེ་ཝན་གྱི་དོན་གཅོད་ལས་ཁུངས་གསར་དུ་སྒོ་འབྱེད་བྱེད་རྒྱུའི་འདུན་པ་བྱེད་པ་དེར་ཨ་མི་རི་ཀས་རྒྱབ་ནས་རྒྱབ་སྐྱོར་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་ཐེ་ཝན་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གཅིག་གི་མངའ་ཁོངས་ཡིན་པར་ངོས་འཛིན་བྱ་བཞིན་པ་མ་ཟད། དེ་ནི་རྒྱལ་ཁབ་ཀྱི་ཚོར་བ་རྣོ་བའི་དཀའ་རྙོག་ཅན་གྱི་མངའ་ཁུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་རྒྱ་ནག་དང་མཉམ་ཕྱི་འབྲེལ་གཞུང་ཚབ་ཀྱི་འབྲེལ་བ་ཡོད་མཁན་རྒྱལ་ཁབ་སུ་འདྲ་ཞིག་གིས་ཐེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་བཙུགས་པ་ཡིན་ན་དེར་ངོ་རྒོལ་ཡོད་ཅེས་བརྗོད་ཞོར། ལི་ཐུ་ཝེ་ནི་ཡའི་(Lithuania)་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་གི་རྩ་འཛིན་ལ་སྲུང་བརྩི་བྱས་ཏེ་ཐེ་ཝན་རང་བཙན་བྱ་རྒྱུའི་འབད་བརྩོན་བྱེད་མཁན་ཚོར་བརྡ་ལན་ནོར་བ་སྤྲོད་མི་ཉན་པའི་འབོད་སྐུལ་སྤྱི་བསྒྲགས་སྤེལ་འདུག
འདི་ལོའི་འགོ་སྟོད་ཙམ་དུ་(Lithuania)་ནང་ཐེ་ཝན་གྱི་དོན་གཅོད་ལས་ཁུངས་ཞིག་སྒོ་འབྱེད་གནང་རྒྱུའི་འཆར་གཞི་ཡོད་པ་གསུང་ཡོད་དང་། (Lithuania)་འཆར་གཞི་དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བཟོས་ཡོད་པ་དང་། གནས་སྟངས་དེ་ལ་མ་བལྟོས་བར་ཟླ་བ་སྔོན་མའི་ནང་གོང་ཞུས་རྒྱལ་ཁབ་ནས་ཐེ་ཝན་ནང་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་སྔོན་འགོག་སྨན་ཁབ་ཁྲི་གཉིས་ཞལ་འདེབས་སྤྲོད་རྒྱུའི་གསལ་བསྒྲགས་ཀྱང་བྱས་ཡོད་པ་རེད།
ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཝུའུ་ཡིས་ཐེ་ཝན་དང་(Lithuania)་རྒྱལ་ཁབ་གཉིས་ཀ་དམངས་གཙོའི་ལམ་སྲོལ་ལ་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་དེ་གཉིས་ཀྱི་མི་མང་ཚོས་མཉམ་སྦྲེལ་གྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་འགན་བཟང་པོ་ཞིག་འཁྱེར་ཐུབ་པའི་ཐོག་འཛམ་གླིང་ནང་ཞི་བདེ་བརྟན་ལྷིང་དང་། བདེ་སྐྱིད་ལྡན་པ་ཡོང་ཐབས་སུ་ལས་དོན་མཉམ་རུབ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག
ཨ་མི་རི་ཀས་(Lithuania)་ནང་ཐེ་ཝན་གྱི་དོན་གཅོད་ལས་ཁང་གསར་འཛུགས་གནང་རྒྱུར་དགའ་བསུ་ཞུས་གནང་བ་དང་ཆབས་ཅིག དམངས་གཙོའི་ལམ་ལུགས་ལྡན་པ་དང་དཔལ་འབྱོར་གྱི་ནུས་སྟོབས་ཡོད་མཁན། འཛམ་གླིང་ནང་བཟང་ཕྱོགས་ཀྱི་ལས་དོན་བསྒྲུབ་ཐུབ་པའི་ནུས་ཤུགས་ཡོད་མཁན་ཐེ་ཝན་དང་མཉམ་འབྲེལ་ལམ་དམ་ཟབ་དང་མཉམ་ལས་བྱ་རྒྱུར་རྒྱལ་ཁབ་ཚང་མར་རང་དབང་དགོས་ཀྱི་རེད་ཅེས་གསུངས་འདུག
སྤྱིར་སྟངས་ད་སྐབས་ཐེ་ཝན་དང་མཉམ་ཕྱི་འབྲེལ་གཞུང་ཚབ་ཀྱི་འབྲེལ་བ་ཡོད་མཁན་རྒྱལ་ཁབ་༡༥་ལས་མེད་པ་ནའང་། ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཐེ་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ཐེ་ཝན་གྱི་ཚོང་འབྲེལ་སྐུ་ཚབ་དོན་གཅོད་ཁང་བཙུགས་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།