ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་བརྟན་བརླིང་སྲུང་སྐྱོབ་ཟླ་བ་ཞེས་བོད་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་མུ་མཐུད་དམ་དྲག་བྱེད་བཞིན་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་པ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་སུ་རྣམ་པ་འདྲ་མིན་གྱི་ངང་ནས་དམ་དྲག་དང་སྟངས་འཛིན་བྱེད་མགོ་ཚུགས་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཕྱི་ཟླ་གསུམ་པའི་ནང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོས་སློབ་གྲྭའི་ཕྱི་ལ་སྐྱོད་པའི་དགོངས་ཞུ་ཞུས་མི་ཆོག་པ་དང་། སློབ་མ་ཚོས་སློབ་གཉེར་ལ་འབད་པ་ལས་གང་བྱུང་འདུ་ཚོགས་བརྒྱབ་མི་ཆོག་པ་སོགས་ཀྱི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། དེ་བཞིན་ལྷ་སའི་དགོན་སྡེ་ཁག་གཙོས་རྔ་བ་དང་མགོ་ལོག་ཆབ་མདོ་སོགས་སུ་དགོན་པ་ཁག་ཏུ་ཕྱི་ཟླ་ ༣ དེ་བཞིན་རྒྱལ་ཞེན་སློབ་གསོ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་གྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་ཞིག་གིས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་རྫོང་དང་གྲོང་གསེབ་མེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུའི་ནང་དོན་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ན་ཡང་། རྔ་བ་རྫོང་གི་དགོན་སྡེ་ཁག་ཏུ་ཕྱི་ཟླ་ ༣ ཚང་མར་སྲིད་གཞུང་གི་དྲིལ་བསྒྲགས་སློབ་གསོར་སློབ་སྦྱོང་དགོས་སྐོར་བརྗོད་ནས་ཚོགས་འདུ་འདྲ་མིན་འཚོག་བཞིན་ཡོད་པ་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་དེས་མགོ་ལོག་ཁུལ་ཡོངས་ཀྱི་དགོན་པ་ཁག་ཏུ་ཕྱི་ཟླ་ ༣ དེ་བཞིན་རྒྱལ་ཞེན་སློབ་གསོ་དྲིལ་བསྒྲགས་སུ་གཏན་ཁེལ་བྱས་ནས། དགོན་པ་རེ་རེ་བྱས་ཏེ་གཞུང་འབྲེལ་མི་སྣས་ཉིན་ལྟར་དྲིལ་བསྒྲགས་ཚོགས་འདུ་ཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་ནང་དོན་ཕྱི་ཟླ་གསུམ་པའི་ནང་བརྟན་བརླིང་དགོས་པ། དགེ་འདུན་པ་ཚོས་ནང་བསྟན་རྒྱ་སྒྱུར་ལ་འབད་བརྩོན་དགོས་པ། སྲིད་གཞུང་གི་ལས་དོན་ལ་འགལ་རྐྱེན་གང་ཡང་བཟོ་མི་ཆོག་པ་སོགས་བཙན་ཐབས་རྐྱང་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་རྒྱ་ནག་གཞུང་འབྲེལ་ལྷ་ས་ཉེན་རྟོག་ཕྱོགས་ནས་བརྟན་བརླིང་ཆེད་ནུས་ཤུགས་འདོན་བཞིན་ཡོད་སྐོར་བརྗོད་ནས། ཞིབ་བཤེར་སོགས་བྱེད་བཞིན་པའི་པར་རིས་དང་གནས་ཚུལ་སྤེལ་བཞིན་པ་མཐོང་རྒྱུ་འདུག་ལ། དེ་བཞིན་ཕྱི་ཚེས་ ༡༠ བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ལས་རིགས་ལག་རྩལ་སློབ་ཆེན་གྱིས་གསལ་བསྒྲགས་ཤིག་སྤེལ་ནས། ཕྱི་ཟླ་ ༣ ཚེས་ ༡༠ ནས་ ཚེས་ ༡༤ བར་གྱི་དུས་ཚིགས་སུ། སློབ་མ་ཚོར་བསམ་ཚུལ་འདྲ་མིན་ཡོད་མཁན་བྱུང་ན། རང་གི་ཐོབ་ཐང་ལག་འཁྱེར་དང་མིང་སོགས་གསལ་བོར་བཀོད་ནས་བསམ་ཚུལ་དེ་རིགས་བོད་རང་སྐྱོང་ལྗོངས་སློབ་གསོ་ལྷན་ཁང་ལ་ཡར་ཞུ་དགོས་སྐོར་བསྒྲགས་འདུག ཡང་རྒྱ་ནག་གཞུང་འབྲེལ་མགོ་ལོག་དར་ལག་རྫོང་གི་འཕྲིན་སྟེགས་ཤིག་གི་སྟེང་། ས་གནས་སྲིད་གཞུང་གིས་དགོན་པ་ཁག་ཏུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་གནས་ཚུལ་ཞིག་བཀོད་པའི་ནང་། དར་ལག་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོས་ཞའོ་ཧོང་ (Xiaohong) ཟེར་བས། གྲྭ་བཙུན་ཚོས་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བརྩི་བཀུར་དང་། ཁ་བྲལ་བར་ངོ་རྒོལ་དང་རྒྱ་ནག་གཅིག་གྱུར་ལ་འབད་བརྩོན་ངེས་པར་དགོས་པ། ནང་བསྟན་རྒྱ་སྒྱུར་ལ་ངོས་ལེན་དགོས་པ་སོགས་བརྗོད་ཡོད་པ་བཀོད་འདུག
ལོ་ལྟར་ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ལྷག་པར་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཀྱི་སྟེང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་མགོ་གཙོ་ཀརྨ་ཚེ་བརྟན་གྱིས་བོད་ནང་བརྟན་བརླིང་ཆེད་ནུས་ཤུགས་འདོན་དགོས་པ་བརྗོད་པས། བོད་ནང་དུ་བརྟན་བརླིང་ལ་འབད་བརྩོན་དགོས་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག་ལ། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ལྗོངས་ཉིན་རེའི་གསར་ཁང་ཟེར་བས་རྒྱལ་ཁབ་ཀྱི་བདེ་འཇགས་གོང་མཐོར་བཏང་སྟེ་བདེ་འཇགས་ཀྱི་བོད་ལྗོངས་སྐྲུན་དགོས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་དང་ལས་རིགས་ཁག་ཡོངས་ཀྱིས། བོད་ནང་བརྟན་བརླིང་ལ་འབད་བརྩོན་དགོས་རྒྱུ་དེ་ལས་དོན་ཀུན་གྱི་དང་པོར་འཇོག་དགོས་པ་དང་། བརྟན་བརླིང་དང་ཡར་རྒྱས་གཉིས་དུས་གཅིག་ལ་ཡོད་པ་བྱས་ཏེ་སྤུས་ཚད་མཐོ་བའི་བདེ་འཇགས་དང་ཡར་རྒྱས་གཏོང་དགོས་པ་སོགས་བཀོད་འདུག
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།