བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱུང་འདུག

2025.01.21
བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱུང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་བསྐོ་བཞག་བྱུང་བ་ (Marco Rubio) ལགས། ༢༠༢༥།༠༡།༢༠
AP

འདི་ཟླའི་ཚེས་༢༠་སྟེ་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཨ་རིའི་མངའ་སྡེ་ཧྥི་ལོ་རེ་ཌ་(Florida)་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་མརྐོ་རུ་སྦི་ཡོ་ (Marco Rubio)་ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེར་འོས་མིན་འོས་ཤོག་བླུགས་སྐབས་འོས་གྲངས་༩༩་ཡིས་རྒྱབ་སྐྱོར་དང་ངོ་རྒོལ་གནང་མཁན་གཅིག་ཀྱང་མ་བྱུང་བར་ཚད་མཐོའི་མང་མོས་ཀྱི་ཐོག་ནས་བསྐོ་བཞག་གནང་ཡོད་པ་རེད།
བསྐོ་བཞག་བྱུང་མ་ཐག་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་མརྐོ་རུ་སྦི་ཡོ་ (Marco Rubio) ལགས་ཀྱི་ཕ་མ་གཉིས་ནི། ཁྱུ་བྷ་ (Cuba) དམར་པོའི་གཞུང་འཛིན་འོག་ནས་ཨ་རིའི་ནང་བཙན་བྱོལ་དུ་ཕེབས་མཁན་ཡིན་པས་ཁོང་དམར་པོའི་གཞུང་འཛིན་འོག་མི་མང་རྣམས་ལ་དཀའ་སྡུག་མྱོང་བཞིན་པའི་ཐད་ཐུགས་རྒྱུས་ཆེན་པོ་ཡོད་པ་ཤིག་ཡིན་པ་རེད་ལ། ཁོང་ནི་ཨ་རིའི་ནང་འཁྲུངས་པའི་ (Latino) མི་རིགས་ཞིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་གནས་བཞེས་མཁན་ཐོག་མ་དེ་ཡིན་པས་ན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་འདུག

ད་ལྟ་དགུང་གྲངས་༥༣་ལ་ཕེབས་པའི་མར་ཀོ་རུ་བྷི་ཡོ་ལགས་ནི། རྒྱལ་སྤྱིའི་ནང་འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་དང་། རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་ཐེར་འདོན་གནང་མཁན་གྱི་མི་སྣ་གལ་ཆེ་ཞིག་ཡིན་པ་མ་ཟད། བོད་དོན་ཐད་ལོ་མང་རིང་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐད་གྲོས་གཞི་གྲོས་འཆར་མང་པོ་ཞིག་ལ་རྒྱབ་སྐྱོར་གནང་ནས་གཏན་འབེབས་བྱུང་ཡོད་པ་རེད། དེ་སྔོན་ཕྱི་ལོ་༢༠༡༨་ལོར་བོད་ནང་ཕར་འགྲོ་ཚུར་འོང་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་མཁན་ཁོངས་སུ་ཡོད་པ་དང་། ཡང་ཕྱི་ལོ་༢༠༢༠་ལོར་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་རྒྱབ་སྐྱོར་ཚད་མཐོ་པོ་གནང་མཁན་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་བསྐོ་བཞག་བྱུང་སྟབས་བོད་མི་དང་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་མི་རིགས་སོགས་ཀྱིས་དགའ་བསུ་ཞུ་བཞིན་འདུག

Marco Rubio as secretary of state ap (3).jpg
ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་བསྐོ་བཞག་བྱུང་བའི་དམ་འབུལ་སྐབས། ༠༡།༢༠།༢༠༢༥ པར། AP


ཨ་ཪིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གྲགས་ཅན་མར་ཀོ་རུ་བྷི་ཡོ་ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་ཟིན་པ་ནི་གཏམ་བཟང་རེད། ཁོང་གིས་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་གནང་རྒྱུ་གཙོས་པའི་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་བའི་ཐུགས་རེ་གནང་གི་ཡོད་པ་གསུངས་བྱུང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། གྲོས་ཚོགས་འཐུས་མི་མར་ཀོ་རུ་བྷི་ཡོ་ལགས་ད་རེས་གྲོས་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱུང་བ་ནི་ཁོང་གིས་གྲོས་ཚོགས་ནང་དང་ཕྱི་འབྲེལ་གྱི་ཕྱག་ལས་གནང་སྟངས་ཡག་པོ་ལ་ངོས་ཟིན་ཐོབ་པ་རེད། འདས་བའི་ནང་ཁོང་གྲོས་ཚོགས་སུ་བཞུགས་རིང་བོད་དོན་ཁྲིམས་ཡིག་གཏན་འབེབས་རྒྱབ་སྐྱོར་གནང་བ་དང་། བོད་དོན་ཞུ་གཏུག་སྐབས་དགོངས་ཚུལ་གསུངས་བ། ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཐད་ཀར་བོད་དོན་དང་འབྲེལ་ཕྱག་ཡིག་གནང་བ་སོགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། ཕྱི་སྲིད་དྲུང་ཆེ་གནང་སྐབས་མུ་མཐུད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་སོགས་ཀྱི་བོད་དོན་རྒྱབ་སྐྱོར་གནང་བའི་རེ་བ་བྱེད་བཞིན་པ་གསུངས་བྱུང་།
ཡང་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། གྲོས་ཚོགས་འཐུས་མི་མར་ཀོ་རུ་བྷི་ཡོ་ལགས་ནི་བོད་དོན་འཐབ་རྩོད་ལ་རྒྱུས་མངའ་ཡོད་པ་དང་། འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་པས། ཁོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གནང་རིང་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་ཁུར་ཆེ་བཞེས་གནང་རྒྱུ་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་པའི་རེ་བ་དང་ཡིད་ཆེས་གནང་བཞིན་པ་གསུངས་བྱུང་།
སྔ་ལོའི་ཕྱི་ཟླ་༡༡་པའི་ནང་སྐབས་དེའི་བདམས་ཐོན་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) ཡིས་སྐུ་ཞབས་་མརྐོ་རུ་སྦི་ཡོ་ Marco Rubio)་ལགས་ཨ་རིའི་ཕྱི་སྲིད་དྲུང་ཆེར་མཚན་འདོན་གནང་ཡོད་པ་དང་། བདུན་ཕྲག་སྔོན་མར་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་མིན་གྲོས་ཚོགས་གོང་མའི་ནང་ཉན་ཞིབ་གནང་སྐབས། ཁོང་གིས། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་དེང་སྐབས་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་བཟོ་མཁན་དེ་ཡིན་པ་དང་། ཨ་རིས་དཔལ་འབྱོར་རྒྱ་ནག་ལ་བརྟེན་དགོས་པ་དང་དེའི་འདོད་པ་ལྟར་ཉན་དགོས་པ་ཞིག་ཆགས་རྒྱུའི་ཉེན་ཁའི་གནས་སུ་ཡོད་པའི་སྐོར་ཉེན་བརྡ་བཏང་བ་དང་མཉམ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་དང་ཚོང་འབྲེལ་ལམ་ལུགས་སོགས་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་དེར་ཨ་རིས་གདོང་ལེན་ནན་པོ་གནང་དགོས་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཨ་རིའི་གཞུང་དམངས་གཉིས་ཀྱིས་མཐུན་འགྱུར་གནང་རྒྱུ་མེད་སྐོར་ཡང་གསུངས་ཡོད་པ་རེད།
སྐུ་ཞབས་(Marco Rubio)་ལགས་ནི་ཨ་རིའི་སྲིད་འཛིན་༤༧་པ་(Donald Trump) ཡིས་གཞུང་འཛིན་ནང་་གྲོས་ཚོགས་ཀྱིས་བསྐོ་བཞག་ཆོག་མཆན་གནང་བ་བློན་ཆེན་ནམ་འདི་ག་ཨ་རིའི་ནང་དྲུང་ཆེ་ཞུ་བའི་གོ་གནས་ལ་བསྐོ་བཞག་བྱུང་བ་ཐོག་མ་དེ་ཡང་ཡིན་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
བརྙན་པར་སྒྲིག་སྦྱོར་བ།  པ་སངས་དོན་ལྡན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎