སྲིད་དབང་སྒེར་གཅོད་པ་གཉིས་ཀྱི་ལག་འབྲེལ་ནི་ཉེན་ཁ་ཆེན་པོ་ཡིན་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པས་ངོས་འཛིན་གནང་གི་འདུག

2024.05.15
སྲིད་དབང་སྒེར་གཅོད་པ་གཉིས་ཀྱི་ལག་འབྲེལ་ནི་ཉེན་ཁ་ཆེན་པོ་ཡིན་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པས་ངོས་འཛིན་གནང་གི་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ༠༥།༡༥།༢༠༢༤
RFA Cantonese/Mandarin Service

ཐེ་ཝན་གྱི་མང་གཙོའི་ལམ་ལུགས་དང་འོས་བསྡུའི་ལས་རིམ་ཁག་གིས་ཐེ་ཝན་གྱི་ཚད་མཐོའི་རང་དབང་མཚོན་པ་འཛམ་གླིང་ཡོངས་ལ་བརྡ་ལན་སྤྲོད་ཐུབ་ཅེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་(Mike Pompeo)ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་དང་ཧོང་ཏུང་སྡེ་ཚན་གྱི་བཅར་འདྲིའི་སྐབས་གསུངས་འདུག
ཕྱི་ཟླ་༥བའི་ཚེས་༡༥ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མཡེཀ་པོམ་པེའོ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ཧོང་ཀོང་དང་ཐེ་ཝན་གྱི་གནད་དོན། དེ་བཞིན་རྒྱ་ནག་དང་ཨུ་རུ་སུ་གཉིས་ལག་འབྲེལ་བྱས་ན་རྒྱལ་སྤྱིའི་ཐོག་ཉེན་ཁ་གང་ཡོད་སོགས་ཀྱི་སྐོར་ལ་བཅར་འདྲིའི་སྐབས། ཁོང་གིས། ཕྱི་ལོ་༢༠༢༠ཐམ་པའི་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་དམ་དྲག་ཤུགས་ཆེ་བྱས་བའི་སྐབས་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་རང་སྐྱོང་གྱི་གནས་བབས་ཡོངས་སུ་ཉམས་ཆགས་སུ་བཏང་ཟིན་པ་གསུངས་ཏེ་སྐྱོན་བརྗོད་གནང་བ་དང་མཉམ། ཧོང་ཀོང་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་རྒྱ་ནག་མི་དམངས་ཀྱི་བདེ་དོན་ཐད་སེམས་འཁུར་མེད་པའི་སྲིད་དབང་སྒེར་འཛིན་པའི་དཔོན་རིགས་ཤིག་ཡིན་པ་གསུངས་ཡོད་པ་དང་། ཐེ་ཝན་གྱི་གནད་དོན་ཐད། ཐེ་ཝན་གྱི་མང་གཙོའི་ལམ་ལུགས་དང་འོས་བསྡུའི་ལས་རིམ་ཁག་གིས་ཐེ་ཝན་མི་དམངས་ཀྱི་ཚད་མཐོའི་རང་དབང་མཚོན་པ་མ་ཟད། འཛམ་གླིང་ཡོངས་ལ་དེ་དོན་བརྡ་ལན་སྤྲོད་ཐུབ་པའི་རྒྱལ་ཁ་ཞིག་ཀྱང་ཡིན་པས། ཁོང་ཉིད་རིང་མིན་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་དགའ་སྟོན་ཐོག་དངོས་སུ་འགོ་ཁྲིད་གཞན་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ལ་དགའ་ཚོར་སྐྱེ་བཞིན་ཡོད་པ་གསུངས་འདུག ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོ་དེ་ཕྱི་ཟླ་༥བའི་ཚེས་༢༠ཉིན་གནང་རྒྱུ་ཡིན་པ་རེད།།
ཨུ་རུ་སུའི་སྲིད་འཛིན་པུ་ཊེན་ཕྱི་ཚེས་༡༦ཉིན་རྒྱ་ནག་ནང་གཟིགས་སྐོར་དུ་ཕེབས་རྒྱུའི་འཆར་གཞི་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མཡེཀ་པོམ་པེའོ་ཡིས་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ནི་སྲིད་དབང་སྒེར་འཛིན་པ་གཉིས་ཡིན་པ་དང་། སྲིད་དབང་སྒེར་གཅོད་པ་གཉིས་ཀྱི་ལག་འབྲེལ་དེ་ནི་འཛམ་གླིང་སྤྱིའི་ཁེ་ཕན་ལ་གནོད་འཚེ་བཟོ་མཁན་ཉེན་ཁ་ཆེན་པོ་རེད། དེ་བས་ཁོ་ཚོའི་ནུས་པ་ཇེ་ཞན་དུ་གཏོང་བའི་ཐབས་ཇུས་འཛིན་དགོས། ཡིན་ནའང་། ཨུ་རུ་སུའི་དམག་དོན་གྱི་ནུས་པ་དང་། ཨུ་རུ་སུས་ཡུཀ་རེན་ནང་བཙན་འཛུལ་གྱི་མཐུན་རྐྱེན་མང་ཆེ་བ་རྒྱ་ནག་གཞུང་གིས་ཨུ་རུ་སུ་ནས་སྣུམ་གྱི་ནུས་ཤུགས་མཁོ་སྒྲུབ་བྱེད་པའི་མ་དངུལ་ནས་བྱུང་བ་ཞིག་རེད་ཅེས་དང་། རྒྱ་ནག་གཞུང་གིས་དམག་དོན་གྱི་ཡོ་ཆས་དང་ཚོང་ལས་གྱི་ཁེ་ཕན་ཨུ་རུ་སུ་ལ་སྤྲད་པའི་རྐྱེན་གྱིས་ཨུ་རུ་སུས་ཤར་ཡོ་རོབ་ནང་གནས་པའི་ཡུཀ་རེན་ནང་མུ་མཐུད་དུ་དཔུང་འཇུག་ཐུབ་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎