བྱིས་པ་ལོ་ཆུང་ཚོར་དམིགས་པའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་དབུ་འབྱེད་གནང་སོང་།

2023.02.15
བྱིས་པ་ལོ་ཆུང་ཚོར་དམིགས་པའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་དབུ་འབྱེད་གནང་སོང་། སྨོན་ལམ་རྨང་གཞིའི་ཚིག་མཛོད་དབུ་འབྱེད་གནང་སྐབས། ༠༢།༡༥།༢༠༢༣
RFA / Dhasa

སྤྱི་ཟླ་༢པའི་ཚེས་༡༥ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས། གསར་དུ་བསྒྲིགས་པའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་མཉེན་ཆས་(Monlam Elementary Dictionary)་དང་། སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་(Monlam Text Analyzer)་ཀྱི་དྲ་རྒྱའི་མཉེན་ཆས་བཅས་དབུ་འབྱེད་གནང་སོང་།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུང་ན། སྨོན་ལམ་རྨང་གཞིའི་ཚིག་མཛོད་ནི་བོད་ཡིག་གསར་དུ་སློབ་མཁན་གྱི་བྱིས་པ་ལོ་ཆུང་ཚོར་དམིགས་ནས་བསྒྲིགས་པ་ཞིག་ཡིན་པ་དང་། ལྷག་དོན་དུ་ཕྱི་རྒྱལ་བ་བོད་ཡིག་སྦྱོང་མཁན་རྣམས་ལའང་ཕན་ཐོགས་འབྱུང་ངེས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་གསར་དུ་དབུ་འབྱེད་གནང་བའི་སྨོན་ལམ་རྨང་གཞིའི་ཚིག་མཛོད་མཉེན་ཆས་འདི་ནི། སྤྱི་ཚོགས་དྲ་རྒྱའི་སྟེང་གི་ཐ་སྙད་རྒྱུག་ཆེ་ཤོས་རྣམས་གློག་ཆས་ལ་བརྟེན་ནས་འདེམ་སྒྲུག་བྱས་པ་དང་། ཨ་རིའི་( Children’s Writer’s Word Book)་བྱིས་པའི་དཔེ་དེབ་སོགས་གཞི་ལ་བཞག་ནས་ཚན་རིག་དང་མཐུན་པའི་བོད་ཀྱི་ཐ་སྙད་རྒྱུག་ཆེ་ཆུང་གཏན་འབེབས་བྱས་ཏེ། ཚན་ཁག་གསུམ་ལ་དབྱེ་ཡོད་པ་ནི། ལས་དང་པོ་(Easystarts)་ལ་ཐ་སྙད་༢༢༠ལྷག་དང་། རྨང་གཞི་དང་པོ་(Beginner)་ལ་ཐ་སྙད་༣༧༠ལྷག རྨང་གཞི་གཉིས་པ་(Elementary)་ལ་ཐ་སྙད་༡༣༩༠ལྷག་བཅས་ཡོད་པ་ཆ་ཚང་བོད་ཀྱི་ལོ་སར་ཚེས་གཅིག་ཉིན་དངོས་སུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་འདུག་པས། དགེ་བཤེས་སྨོན་ལམ་ལགས་ཀྱིས། དེ་ནི་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ངོས་ནས་བོད་ཀྱི་ལོ་གསར་གྱི་ལེགས་སྐྱེས་སུ་དམིགས་ཏེ་འགྲེམ་སྤེལ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་ལས་དང་པོའི་མ་ཚིག་རྣམས། སྦྱོར་ཀློག་བྱས་ནས་བཀླགས་པའི་དབུས་སྐད་ཀྱི་སྒྲ་གདངས་དང་། རྨང་གཞི་དང་པོ་དང་། གཉིས་པའི་མ་ཚིག་རྣམས་བསྡུས་ཀློག་བྱས་ནས་བཀླགས་པའི་དབུས་སྐད་ཀྱི་སྒྲ་གདངས་བཅས་བཅུག་འདུག་པས། དགེ་བཤེས་སྨོན་ལམ་ལགས་ཀྱིས་འདི་ནི་བོད་ཡིག་གསར་དུ་སྦྱོང་མཁན་རྣམས་ཀྱི་བོད་ཡིག་དགེ་རྒན་ངོ་མ་ཞིག་གི་ཚབ་བྱེད་ཐུབ་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། བོད་པའི་ངོས་ནས་ད་ལྟ་བར་དུ་འདི་ལྟ་བུའི་དུས་རབས་དང་མཐུན་པའི་ཚིག་མཛོད་སྒྲིག་བཟོ་བྱས་པ་ཞིག་ཧ་ལམ་མེད་པའི་རྐྱེན་གྱིས། བྱིས་པའི་སེམས་ཁམས་ལ་གཞིགས་ཏེ་ཐོག་མར་སྒྲིག་བཟོ་བྱེད་པའི་སྐབས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྨོན་ལམ་རྨང་གཞིའི་ཚིག་མཛོད་མཉེན་ཆས་དང་མཉམ་དུ་དབུ་འབྱེད་གནང་བའི་སྨོན་ལམ་ཐ་སྙད་ཚད་གཞི་བརྟག་ཆས་ནི། བྱིས་པའི་ལོ་ཚད་དང་མཐུན་པའི་ཐ་སྙད་བཀོལ་སྤྱོད་ཀྱི་ཚད་གཞི་ཏག་ཏག་བྱུང་ཡོད་མེད་བརྟག་དཔྱད་བྱེད་སའི་དྲ་རྒྱའི་མཉེན་ཆས་ཤིག་ཡིན་འདུག་པ་དང་། མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། འདི་ནི་ཐོག་དང་པོར་བཟོས་པའི་བོད་ཀྱི་ཐ་སྙད་ཚད་གཞི་བརྟག་ཆས་ཤིག་ཡིན་པ་དང་། དེ་ཡང་སྨོན་ལམ་རྨང་གཞིའི་ཚིག་མཛོད་ཀྱི་ཐ་སྙད་གཏན་འབེབས་གཞིར་བཟུང་གིས་བསྒྲིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཀྱི་ལས་གཞི་དེ་ནི་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་མཐུན་འགྱུར་འོག་༢༠༢༢ལོའི་འགོ་སྟོད་དུ་འགོ་འཛུགས་གནང་བ་ཞིག་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎