འཚེ་མེད་ཞི་བར་རྒྱབ་སྐྱོར་ཆེད་མཛོད་དགེ་གླིང་བ་ཡུལ་ཚོའི་སྐྱེས་པ་༡༡༡༣གྱིས་རྐུ་དང་རྒྱན་འཇོག་པ་གྲི་འདོགས་པ་སོགས་འཚེ་བ་མི་བྱེད་པའི་དམ་བཅའ་བཞག་ཡོད་འདུག

2022.01.20
འཚེ་མེད་ཞི་བར་རྒྱབ་སྐྱོར་ཆེད་མཛོད་དགེ་གླིང་བ་ཡུལ་ཚོའི་སྐྱེས་པ་༡༡༡༣གྱིས་རྐུ་དང་རྒྱན་འཇོག་པ་གྲི་འདོགས་པ་སོགས་འཚེ་བ་མི་བྱེད་པའི་དམ་བཅའ་བཞག་ཡོད་འདུག
RFA

ཕྱི་ཟླ་༡ཚེས་༡༩ཉིན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཤོག་ཆེན་༡༢ཀྱི་ཁོངས་གཏོགས་གླིང་བ་སྟོད་སྨད་བར་གསུམ་དང་མཐའ་བ་བཅས་ནས། འཚེ་མེད་ཞི་བདེ་ལ་རྒྱབ་སྐྱོར་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ། ཡུལ་དེའི་རང་ལོ་༡༥ནས་༦༠་བར་ཡིན་པའི་སྐྱེས་པ་༡༡༡༣གྱིས་ཕྱི་ལོ་༢༠༢༧བར་ལོ་༦་རིང་རྐུ་མི་བྱེད་པ་དང་རྒྱན་མི་འཇོག་པ། ལུས་ལ་གྲི་མི་འདོགས་པ་སོགས་ཀྱི་མནའ་བཅད་དམ་བཅའ། ས་གནས་དེའི་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་དགོན་བདག་བླ་མ་རྗེ་སྐལ་བཟང་དམ་ཆོས་རྒྱ་མཚོ་མཆོག་དཔང་དུ་བཙུགས་ནས་བཞག་ཡོད་འདུག

གནད་དོན་དེའི་སྐོར་ལ་ས་གནས་ཡུལ་མི་ཞིག་ནས་གླིང་བ་ཡུལ་ཚོའི་སྐྱེས་པ་ཡོངས་ནས་རྒྱུན་ལྟར་ལོ་ངོ་༣རེའི་མཚམས་ཡུལ་དེའི་དགོན་པའི་འདུ་ཁང་མདུན་དུ་འཛོམས་ནས། སྐྱེས་པ་ཚང་མས་གླིང་བ་ཡུལ་ཚོ་ཙམ་མ་ཡིན་པར་མཛོད་དགེ་རྫོང་ཁོངས་ཤོག་ཆེན་༡༢ཡོངས་དང་། ལྷག་པར་དུ་བོད་ཁམས་ཡོངས་ཀྱི་ནང་འཚེ་བ་མི་བྱེད་པའི་དམ་བཅའ་ཡིན་པ་རེད་ཅེས་ཟེར་ནའང་མི་ཆོག་པར། མེད་རྐུ་དང་རྒྱན་འཇོག་པ་གྲི་འདོགས་སོགས་གཅོད་བཞིན་ཡོད་པ་དང་། མཛོད་དགེ་གླིང་བ་ཡུལ་ཚོས་འཆར་ཅན་ལྟར་རྐུ་གྲི་རྒྱན་བཅད་པའི་དགོས་དམིགས་ནི། འཚེ་མེད་ཞི་བར་རྒྱབ་སྐྱོར་དང་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་གསུངས་སོང་།

ཐེངས་འདིར་ཡུལ་མི་ཚོས་རྐུ་གྲི་རྒྱན་གསུམ་གཅོད་སྐབས་གླིང་བ་སྲིད་གཞུང་དང་། ས་གནས་མངགས་གཏོང་ཁང་། དགོན་གྲོང་ལྔ་སོགས་ཀྱི་འཐུས་མི་ཆེད་བཅར་གནང་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དང་། སྤྱི་ཚོགས་བདེ་འཇགས་ཟེར་བ་སོགས་ཀྱི་གཏམ་བཤད་བྱས་ཡོད་འདུག་ལ། རྐུ་གྲི་རྒྱན་གསུམ་གཅོད་ཚུལ་དེ་རྐུ་གཅོད་སྟངས་ཀྱི་ཐད་ནས་རྫས་དངོས་གང་ཡང་ཡིན་རྐུ་མི་ཆོག་པ་དང་། དེ་བཞིན་ཤོ་རྒྱན་གཅོད་སྟངས་སྐོར་ནས་རྩེད་ཤོག་(Play Card)དང་ཤིང་ཐོ། སྒྲིག་ཤོ། ཁུག་དམར། གློག་རྩེད་རོལ་ཆས་ཀྱི་རྒྱན་འཇོག་མི་ཆོག་པ་སོགས་དང་།གཞན་ཡང་། གྲི་གཅོད་སྟངས་ཀྱི་སྐོར་ནས་གླིང་བ་ཡུལ་ཚོ་ནས་རང་མིས་གྲི་གཏན་ནས་ཁྱེར་མི་ཆོག་པ་སོགས་བྱས་ཡོད་འདུག

zorge-lingwa-tibet2.png

གཞན་ཡང་དམ་བཅའ་དང་འགལ་ཚེ། རྐུ་གྲི་རྒྱན་གསུམ་དུས་ལྟར་མི་གཅོད་མཁན་ལ་རྒྱ་སྒོར་༢༠༠༠ཆད་པ་དང་། དམ་བཅའ་སྒྲིག་གཞི་དང་འགལ་ན་རྒྱ་སྒོར་༡༠༠༠ཉེས་ཆད་པ་དང་། ཡང་བསྐྱར་གཅོད་དགོས་པ་མ་ཟད། རྒྱན་ཁང་ཕྱེ་མཁན་ཡོད་ཚེ་རྒྱ་སྒོར་༥༠༠༠ཆད་པ་དང་། རང་ས་ནས་རང་གྲི་ཁྱེར་མཁན་མཐོང་ཚེ་རྒྱ་སྒོར་༡༠༠༠ ཆད་པ་ཡོད་པ་དང་། གྲིས་བརྒྱབས་ཏེ་དོན་རྐྱེན་བཟོས་ཚེ་རྒྱ་སྒོར་༣༠༠༠ཆད་པ་ཡོད་པ་བཅས་ཡིན་འདུག

སྤྱིར་དེ་སྔ་ནས་བོད་ནང་དུ་འཚེ་བ་མི་བྱེད་ཆེད་སྡེ་བ་དང་ཡུལ་ཚོ་རང་ངོས་ནས་སྤྱི་ཚོགས་རང་བཞིན་གྱི་བྱེད་ཐབས་འདྲ་མིན་འཐེན་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། དཔེར་ན། དེ་སྔ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཚོས་སྟག་གཟིགས་སྲམ་སྤགས་རིགས་མཚམས་གཅོད་དགོས་པའི་བཀའ་སློབ་ཕེབས་རྗེས། བོད་ཁམས་ཡོངས་སུ་གཅན་གཟན་གྱི་སྤགས་རིགས་མཚམས་འཇོག་གི་ལས་འགུལ་རིགས་ཤུགས་ཆེར་སྤེལ་ཡོད་པ་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་དང་དུས་ཆེན་ཁག་ལ་ཡང་བོད་ནང་གི་བོད་མི་ཚོས་མངོན་པར་མི་གསལ་བའི་ངང་ནས་སྲུང་གཙི་གནང་བཞིན་ཡོད་པ་རེད། 

གསར་འགོད་པ། ཡེ་ཤེས་ཟླ་བ།
དྲ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎