ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ལ་སོགས་གནད་ཡོད་མི་སྣ་ཚོས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་འདུག

ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་གཙོ་ཟུར་པ་དང་གྲོས་ཚོགས་འཐུས་མི་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་གིས་འདི་ཚེས་༡༠ཉིན་འཛམ་གླིང་གི་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ་སྲུང་བརྩི་ཞུ་བའི་ཉིན་མོ་དང་བསྟུན། ཉིན་དེ་ནས་རྩིས་པའི་ལོ་ ༦༦ ་གོང་ལ་བོད་མི་སྟོང་ཕྲག་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་སྐད་ཡིག་བཅས་པའི་རང་དབང་ཆེད་དང་། བོད་མི་རིགས་ཀྱི་ངོ་བོ་བཅས་པ་སྲུང་སྐྱོབ་ཆེད་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་གཏོང་གནང་བ་དང་། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས་སྐབས་དེར་སྐུ་ན་ཕྲ་བའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དགོས་བྱུང་བ་དང་། དུས་དེ་ནས་བཟུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་བསྟན་སྲིད་སྤྱི་དང་ལྷག་དོན་དུ་བོད་མི་རྣམས་ཀྱིས་བདེ་དོན་ཆེད་བློ་སྟོབས་ཞུམ་པ་མེད་པར་འཐབ་བརྩོད་གནང་དང་གནང་བཞིན་པའི་ཡུན་གནས་ཀྱི་མཚོན་རྟགས་ཆགས་ཡོད་པ་དང་། བོད་མིའི་བདེན་དོན་གྱི་འཐབ་རྩོད་ལ་ཁོང་མོའི་ངོས་ནས་རྒྱབ་སྐྱོར་འགྱུར་མེད་བརྟན་པོའི་ཐོག་ནས་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་བ་ཁོང་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བཀོད་གནང་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝརན་ (Jim McGovern) ་ལགས་ཀྱིས་གསུམ་བཅུའི་དུས་དྲན་ཉིན་བསྒྲགས་གཏམ་སྤེལ་བའི་ནང་། བོད་ནང་གི་བོད་མི་ཚོར་འཛམ་གླིང་ཀུན་ཁྱབ་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ནང་ཡོད་པའི་སྨྲ་བརྗོད་རང་དབང་ཙམ་ཡང་རྒྱ་ནག་གཞུང་གིས་སྤྲོད་ཀྱི་མེད་པར་བརྟེན་ང་ཚོས་བོད་མི་ཚོས་ཆེད་དུ་མུ་མཐུད་སྐད་ཤུགས་སྐྱོན་དགོས་ཀྱི་ཡོད་པ་རེད། དེ་ཡང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པའི་ཐོག་ནས་བོད་མི་ཚོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་སྐད་ཡིག་མི་ཉམས་རྒྱུད་འཛིན་བྱེད་རྒྱུ་དང་། རིག་གཞུང་སྲུང་སྐྱོབ་དང་སོ་སོའི་ས་ཆ་དང་ཆུའི་ཐོན་ཁུངས་ལ་དོ་དམ་སྟངས་འཛིན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་ཐོབ་ཐང་བཅས་ནི་གལ་གནད་ཆེན་པོ་ཞིག་ཡིན་པ་ངོས་འཛིན་གྱི་ཡོད། དེ་རིང་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོས་རང་དབང་འཐབ་རྩོད་ཆེད་རྒྱབ་ལངས་ཀྱིས། རྒྱ་ནག་གི་དཔོན་རིགས་དང་འཛམ་གླིང་མི་མང་ཡོངས་ལ་བོད་མི་ཚོར་ངེས་པར་དུ་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་ཆོག་པ་དགོས་རྒྱུ་དྲན་སྐུལ་ཞུ་རྒྱུ་དང་། ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱིས་བོད་དོན་རྒྱབ་སྐྱོར་ལ་རོགས་འདེགས་ཡོང་བ་བྱེད་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད་ཅེས་བརྗོད་འདུག
ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོཝརཎ་ལགས་ནི། དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་སོགས་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཞིག་ཡིན་པ་དང་། གྲོས་ཚོགས་འཐུས་མི་ཁོང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེ་ཐོག་མར་གྲོས་ཚོགས་འོག་མའི་ནང་བཏོན་གནང་པ་རེད།
ཡང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་ལས་གྲུབ་པའི་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཁི་རི་སི་སི་མིཐི་ (Chris Smith) ལགས་ཀྱི་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་ངོ་བོ་དང་དམིགས་ཡུལ་དེ་ཐོག་མ་རྒྱ་ནག་གི་གཙོ་འཛིན་མའོ་ཡི་སྐབས་ནས་དུས་ད་ལྟ་ཡང་འགྱུར་བ་གང་ཡང་ཕྱིན་མེད་པ་རེད། དེང་སྐབས་རྒྱ་ནག་གིས་མི་རིགས་རྩ་མེད་གཏོང་རྒྱུའི་དྲག་གནོན་དེ་གཡོ་སྒྱུ་ཆེན་པོའི་འོག་ནས་ལག་བསྟར་གནང་བཞིན་པ་ཞིག་རེད། བོད་པའི་ཕྲུག་གུ་ཚོ་བཙན་ཤེད་ཀྱི་ཐོག་ནས་མི་སེར་སྤེལ་བའི་བཅའ་སྡོད་སློག་གྲྭའི་ནང་བཅུག་པ་དང་། སོ་སོའི་རིག་གཞུང་དང་སྐད་ཡིག་དང་རྒྱང་ཐག་རིང་དུ་བཏང་ནས་དེས་བོད་མིའི་ངོ་བོ་རིམ་བཞིན་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་པ། དེ་བཞིན་བོད་པའི་བུད་མེད་ཚོར་བཙན་གྱིས་ཕྲུ་གུ་མངལ་ནས་འདོན་བཅུག་གིན་ཡོད་པ། གཞན་ཡང་ཉེ་ལམ་སྟོད་དིང་རིར་ས་ཡོམ་བརྒྱབ་པའི་གོད་ཆགས་ཀྱི་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པ་དང་ལྷག་པར་དུ་མི་སྣ་རྐྱེན་འདས་སུ་ཕྱིན་པའི་གྲངས་ཀ་ཏག་ཏག་བཤད་མེད་པ། གནོད་ཐེབས་ས་ཁུལ་དུ་བསྐྱར་གསོའི་ལས་དོན་སོགས་ཀྱི་གནས་སྟངས་དང་། རང་དབང་གིས་གནས་ཚུལ་མཁོ་སྒྲུབ་ཐད་བཀག་སྡོམ་བྱས་པ་དང་གཞན་ཡང་བོད་ཀྱི་མིང་དབྱིན་སྐད་ནང་ (Tibet) ཞེས་པ་ཤིས་ཙང་(Xizang) བསྒྱུར་བཞིན་པ་བཅས་རྒྱ་ནག་གི་བྱ་སྤྱོད་ཁག་ཐེར་འདོན་གྱིས་སྐྱོན་བརྗོད་གནང་འདུག་ལ། མཐའ་དོན་ཁོང་གིས་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་མཉམ་ང་ཚོས་གྲོས་ཚོགས་ནང་བོད་དོན་དུས་ནས་དུས་སུ་གླེང་རྒྱུ་དང་དེའི་ཆེད་དུ་བོད་མི་ཚོས་མུ་མཐུད་ཕྱག་གྲུ་མཉམ་འདེགས་དགོས་རྒྱུ་གལ་ཆེ་ཡིན་པ་དང་། ང་ཚོས་མཉམ་ལས་ཀྱི་ཐོག་ནས་འབད་པ་བྱས་ན་ཉིན་ཞིག་བོད་ལ་རང་དབང་དང་བོད་རང་བཙན་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག
ཡང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་མི་(Raja Krishnammorthi)་ ལགས་ཀྱིས་དུས་དྲན་ཐོག་གདུང་སེམས་མཉམ་བསྐྱེད་དང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་མཚོད་ཆེད་བཏང་བའི་གསུང་འཕྲིན་ཡང་སྤེལ་ཡོད་པ་རེད།
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་ཚོའི་གསུམ་བཅུའི་དུས་དྲན་སྐབས་ཐོག་མའི་འཆར་གཞི་ལྟར་ན་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (John Moolenaar) ཁོང་དངོས་སུ་བཅར་ནས་མི་དམངས་ལ་གཏམ་བཤད་གནང་རྒྱུ་བྱས་ཡོད་ཀྱང་རྗེས་སུ་ཕེབས་ཐུབ་མེད་པ་རེད།
གཞན་གསུམ་བཅུའི་དུས་དྲན་དང་བསྟུན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་ (Maya Wang) ལགས་ཀྱིས་ཆེད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དབང་འཛིན་འོག་རྒྱ་ནག་གི་སྲིད་བྱུས་ཁག་གིས་ཞིན་ཅང་ནང་གི་ཡུ་གུར་མི་རིགས་ལ་བཙན་གནོན་བྱེད་བཞིན་པ་ལྟར། བོད་མི་རྣམས་ལ་དབང་ཤུགས་ཀྱིས་རྒྱ་མི་རིགས་སུ་བསྒྱུར་ཐབས་བྱེད་པ་རིམ་པས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དྲག་ཆས་ཉེན་རྟོག་པ་དང་། ལྟ་ཞིབ། བཀག་འགོག་བཅས་ཀྱི་འོག་བོད་ནི་འཛམ་གླིང་ནང་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པ་གསུངས་ཤིང་། དེར་མཐའ་ན་སྐྱོན་བརྗོད་ཆུང་ངུ་ཙམ་ཞིག་བྱས་པ་ཡིན་ན་ཡང་འཛིན་བཟུང་དང་དུས་ཡུན་རིང་པོའི་བཙོན་འཇུག་གི་ཉེས་པ་ཕོག་སྲིད་ལ། རྒྱ་ནག་གི་དབང་འཛིན་པ་ཚོས་བོད་ཡིག་དྲ་ཚིགས་ཁག་སྒོ་བརྒྱབ་པ་དང་། སྒེར་གྱི་སློབ་གྲྭ་ཁག་སྒོ་བརྒྱབ་པ། བོད་མི་རྣམས་བཙན་དབང་གིས་གནས་སྤོས་བྱེད་དུ་བཅུག་པ་བཅས་ཀྱི་གནས་སྟངས་ཡོད་པ་སྐོར་བཀོད་གནང་འདུག
ད་དུང་ཁོང་མོས་རྒྱ་ནག་གཞུང་གིས་བོད་མི་བྲོས་བྱོལ་བ་ཚོར་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ཁག་གསལ་སྟོན་གནང་ཡོད་ཅིང་། ༢༠༠༨ ལོ་ནས་བཟུང་བོད་ཀྱི་ས་མཚམས་ཁག་ལ་ལྟ་སྲུང་དང་དམ་དྲག་ནན་པོའི་འོག་ཉེན་རྟོག་གི་ལས་དོན་སྤེལ་བར་བརྟེན། བོད་མི་བྲོས་བྱོལ་དུ་འགྲོ་རྒྱུ་ཧ་ལམ་བྱུང་མི་སྲིད་པ་ལྟ་བུར་གྱུར་ཡོད་ལ། བོད་ནང་ཡོད་པའི་བོད་མི་ཚོར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང་། མཐའ་ན་ཕྱི་རྒྱལ་དུ་ཡོད་པའི་གཉེན་ཉེ་ཚོར་འབྲེལ་བ་བྱས་པ་ཙམ་གྱིས་ཀྱང་སྡུག་སྦྱོང་མྱོང་ཉེན་ཡོད་པ་མ་ཟད། འདི་ལོ་དགུང་གྲངས་ ༩༠ ཕེབས་ཀྱི་ཡོད་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གིས་ཐེ་བྱུས་བྱེད་རྒྱུའི་ཐབས་ལམ་འཚོལ་བཞིན་ཡོད་པའི་ཐད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐུགས་འཚབ་གནང་གི་ཡོད་པས། བོད་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་སྤྱིའི་གཞུང་ཁག་ལ། བོད་དོན་དོན་གཉེར་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ལ་ལྟ་རྟོག་བྱེད་མཁན། རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ལས་དོན་གནང་མཁན་ཚོར་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས་པའི་འབོད་སྐུལ་ཞུས་གནང་འདུག།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ། རྡོ་རྗེ་དགྲ་འདུལ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།