ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་སོང་།

2024.12.10
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་སོང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་སྐབས། ༡༢།༠༩།༢༠༢༤
དཔལ་ལྡན་རྒྱལ། /RFA
Light of truth award

དེ་ཡང་སྤྱི་ཟླ་༡༢ཚེས་༩ཉིན་གྱི་དགོང་མོར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་ཡིས་ཡུན་རིང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཆེ་བསྟོད་ཞུ་སླད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་(Light of Truth Award)་ཕུལ་བའི་མཛད་སྒོ་དང་མཉམ། ༧སྐུའི་གཅུང་མོ་རྗེ་བཙུན་པདྨ་ལགས་ཀྱིས་གཟེངས་རྟགས་དངོས་སུ་ཕུལ་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས། ཨ་མི་རི་ཀའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་རི་ཆརཌི་གྷིཡར་(Richard Gere)་ལགས་བཅས་ཀྱིས་ཆེ་བསྟོད་གསུངས་བཤད་གནང་ཡོད་པ་རེད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ལྕམ་ནན་སི་པོ་ལོ་སི་མཆོག་དང་། དེ་བཞིན་གཟེངས་རྟགས་འབུལ་ལམ་ཞུ་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དུས་ཡུན་རིང་པོར་བོད་དོན་འཐབ་རྩོད་བཅས་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་སོང་།
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེ་སྔ་ལྕམ་ནན་སི་པེ་ལོ་སི་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྐབས་སུ་ཡང་བོད་མི་མང་པོ་འདུ་འཛོམས་གནང་བའི་ཐོག་ཁོང་ལ་སྒྲོལ་མའི་ཐང་ག་ཞིག་འབུལ་ནས་ཁོང་གིས་ཡུན་རིང་བོད་དོན་ཐད་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བའི་གནད་འགག་ནན་བརྗོད་གནང་ཡོད་པར་རྗེས་དྲན་དང་བཅས། དེ་རིང་བསྐྱར་དུ་ཁྱེད་ཀྱི་བོད་དོན་ཆེད་ཕྱག་ལས་གནང་བ་ཡོད་ཚད་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོགས་ཆེན་པོ་བྱུང་ཞེས་ནན་བརྗོད་གནང་ཡོད་པ་རེད།
Nancy Pelosi honored with ICT Light of Truth Award. (2).jpg
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་སྐབས། ༡༢།༠༩།༢༠༢༤ པར། Lhuboom/RFA


སྐབས་དེར་ལྕམ་(Nancy Pelosi)་མཆོག་གིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་རྒྱུ་ནི་ང་ཚོའི་བཟང་སྤྱོད་ཀྱི་འགན་འཁྲི་ཡིན། ད་རེས་ང་ལ་གཟེངས་རྟགས་འདི་ཐོབ་པ་ནི་ཧ་ཅང་གི་གཟི་བརྗིད་ཅིག་བསམ་ཡང་ང་ཚོས་ད་དུང་བྱ་བ་མང་པོ་ཞིག་སྒྲུབ་རྒྱུ་ལྷག་ཡོད་པས་ང་ཚོ་ཚང་མས་མཉམ་དུ་ཤུགས་རྒྱག་དགོས་བ་སོགས་གསུངས་ཡོད་པ་རེད།

ICT Nancy Pelosi Light of Truth (121).JPG
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་སྐབས། ༡༢།༠༩།༢༠༢༤ པར། Lhuboom/RFA


མཛད་སྒོའི་ཐོག་བྱང་ཨ་རིའི་བོད་མི་དམངས་སྤྱི་འཐུས་རྣམ་གཉིས་དང་། གཞན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༢པའི་ཐོག་བཅར་བའི་ཨ་རི་དང་ཁེ་ན་ཌའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་འཐུས་ཚབ་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་བཅར་ཡོད་པ་རེད།

Nancy Pelosi honored with ICT Light of Truth Award. (1).jpg
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་མཆོག་ལ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཕུལ་སྐབས། ༡༢།༠༩།༢༠༢༤ པར། Palden Gyal/RFA


སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཛ་དྲག་རང་བཞིན་ནན་བཤད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་(The Light of Truth award)་ཞེས་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཐོག་མར་ཕྱི་ལོ་༡༩༩༥ ལོ་ནས་བོད་དོན་དང་བོད་མིའི་བདེ་སྡུག་གནས་སྟངས་མང་ཚོགས་ཁྲོད་ཁྱབ་བསྒྲགས་དང་དོ་སྣང་ཡོང་བར་ཕན་ནུས་ཆེན་པོ་སྒྲུབ་མཁན་སྒེར་དང་ཚོགས་པ་སོགས་ལ་འབུལ་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། ད་བར་གཟེངས་རྟགས་དེ་བཞིན་ཡེ་ཤུའི་ཆོས་དཔོན་འདས་པ་(Archbishop Desmond Tutu)་ལགས་དང་། འཇར་མ་ནིའི་ཆབ་སྲིད་པ་དང་སྤྱི་ཚོགས་ཞབས་ཞུ་བ་(Dr. Christian Schwarz-Schilling)་ལགས། ཨ་རིའི་གསར་འགོད་པ་(A.M. Rosenthal)་ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་(Vaclav Havel)་ལགས། བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་རོགས་རམ་གནང་མཁན་ཨ་མ་ཝེ་གྷར་ལགས། སུད་སི་རྒྱ་གྲམ་དམར་པོའི་ཚོགས་པ། རྒྱ་གར་མི་དམངས། ད་དུང་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་རྒྱ་རིགས་མཁས་དབང་སོགས་ལ་ཕུལ་མྱོང་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་བདེ་སྐྱིད། པ་སངས་དོན་ལྡན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎