བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཡིག་རྒྱུགས་ཁྲོད་རྒྱ་རིགས་ཕོན་ཆེ་ལས་བོད་རིགས་ཉུང་ཉུང་ཡིན་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡ ནས་བཟུང་ཉིན་གཉིས་རིང་། རྒྱ་ནག་རྒྱལ་ཡོངས་སུ་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་གི་ཡོད་པ་བཞིན། འདི་ལོ་རྒྱ་ནག་རྒྱལ་ཡོངས་ནང་གཞུང་ཞབས་ཡིག་རྒྱུགས་ལ་ཐོ་འགོད་ཀྱིས་འོས་ཆོས་ལྡན་པའི་ཡིག་རྒྱུགས་གཏོང་མཁན། མི་གྲངས་ས་ཡ་གསུམ་དང་ཕྱེད་ཀ་ཙམ་བྱུང་སྟེ་རྒྱ་ནག་གི་ལོ་རེའི་གཞུང་ཞབས་ཡིག་རྒྱུགས་ཁྲོད་ལོ་རྒྱུས་རང་བཞིན་གྱི་ཚད་མཐོ་ཤོས་དང་། བོད་རང་སྐྱོང་ལྗོངས་དེ་གཞུང་ཞབས་ཡིག་རྒྱུགས་ཀྱི་འགྲན་རྩོད་ཆེ་ཤོས་གྲས་ཡིན་པ་རྒྱ་ནག་གཞུང་གཉེར་གསར་ལམ་ཁག་ཏུ་བཀོད་ཡོད་ན་ཡང་། འདི་ལོ་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཡིག་རྒྱུགས་ཁྲོད་ཞུགས་མཁན་མང་ཤོས་རྒྱ་རིགས་ཡིན་ཞིང་། གཞུང་ཞབས་ཡིག་རྒྱུགས་ཀྱི་དྲི་ཤོག་ཀྱང་རྒྱ་ཡིག་ལམ་ནས་གཏོང་བཅུག་ཡོད་པས། བོད་རིགས་མཉམ་ཞུགས་མཁན་ཚོར་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། དེང་སྐབས་སྤྱིའི་ཆ་ནས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་ཁག་གི་ལས་བྱེད་བརྒྱ་ཆ་ ༩༠ རྒྱ་རིགས་ཀྱིས་བཟུང་ཡོད་པ་སོགས། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ལ་མཚོན་ན། འདི་ལོའི་གཞུང་ཞབས་ཡིག་རྒྱུགས་དེ་ཟླ་ ༡༡ ཚེས་ ༣༠ དང་ཟླ་ ༡༢ ཚེས་ ༡ བཅས་སུ་བླངས་ཡོད་པ་དང་། རྒྱ་ནག་ཉིན་རེའི་གསར་ཁང་གི་གནས་ཚུལ་སྤེལ་བའི་ནང་། འདི་ལོ་རྒྱ་ནག་རྒྱལ་ཡོངས་སུ་ལས་གནས་ ༣༩༧༢༡ ལས་མེད་པས། ཡིག་རྒྱུགས་གཏོང་མཁན་གྱི་གྲངས་འབོར་དང་ལས་ཞུགས་ས་མིག་གི་བསྡུར་ཚད་ལ་ཁྱད་པར་ཆེན་པོ་ཡོད་སྐོར་དང་། བོད་རང་སྐྱོང་ལྗོངས་ནང་ལས་གནས་སྙན་ཞུ་འབུལ་མཁན་དང་ལས་གནས་ཀྱི་བསྡུར་ཚད་ ༡༥༠ དང་ ༡ ལ་ཉེ་བ་ཡིན་ཞིང་། དེ་ཡིས་ལས་གནས་སྙན་ཞུ་རྒྱག་མཁན་ ༡༥༠ ནང་མི་གཅིག་ལ་མ་གཏོགས་ལས་གནས་ཐོབ་རྒྱུ་མིན་པ་མཚོན་ཡོད་སྐོར་བཀོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། དེ་སྔ་རྒྱ་ནག་གཞུང་གིས་མི་རིགས་རང་སྐྱོང་ཞེས་བོད་ནང་སྲིད་གཞུང་གི་ལས་བྱེད་བརྒྱ་ཆ་ ༦༠ བོད་པ་ཡིན་པ་དགོས་པ་དང་། ཡིག་རྒྱུགས་སོགས་བོད་ཡིག་ལམ་ནས་གཏོང་སྲོལ་ཙམ་ཡོད་ན་ཡང་། དེང་སྐབས་དེ་དག་རྩ་ནས་མེད་པ་བཟོས་ཏེ་སྲིད་གཞུང་གི་ལས་ཞུགས་དང་། སྲིད་གཞུང་གི་སྐད་ཡིག་བརྒྱུད་ལམ་སོགས་རྒྱ་ཡིག་དང་བོད་ནང་གི་སློབ་ཆེན་ཁག་ཏུ། བོད་ཡིག་ཡིག་རྒྱུགས་མེད་པ་བཟོས་ཏེ། བོད་མི་ཚོར་ལས་ཞུགས་ཐད་མངོན་གསལ་གྱིས་མི་རིགས་དབྱེ་འབྱེད་དང་དམ་དྲག་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།
སྤྱིར་འདས་པའི་ལོ་ཤས་ནས་བཟུང་བོད་ནང་གི་བོད་རིགས་སློབ་ཆེན་མཐར་ཕྱིན་མཁན་ཚོར་ལས་ཞུགས་ཀྱི་གོ་སྐབས་མི་ཐོབ་པའི་དཀའ་ཁག་མངོན་གསལ་དུ་གྱུར་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ནང་་བོད་རང་སྐྱོང་ལྗོངས་ཟེར་བས་མི་མང་གི་ངོས་ནས་སྲིད་གཞུང་ལ་བསམ་ཚུལ་ཕུལ་བཅུག་པའི་ནང་། བསམ་འཆར་ཡི་གེ་བརྒྱ་ཆ་ ༧༠ བོད་རིགས་སློབ་ཆེན་མཐར་ཕྱིན་མཁན་ཚོར་ལས་ཞུགས་ཀྱི་གནད་དོན་སྐོར་ཡིན་པ་རྒྱ་ནག་གཞུང་འབྲེལ་ངོས་ནས་བརྗོད་ཡོད་པ་རེད་ལ། དེ་མིན་ ༢༠༢༡ ལོར་རྒྱ་ནག་གཞུང་ངོས་ནས་བོད་རིགས་མཐར་ཕྱིན་སློབ་མས་གཞུང་ཞབས་ལ་ཡིག་རྒྱུགས་གཏོང་བར། ཁ་བྲལ་དང་༧གོང་ས་མཆོག་དང་ཁ་བྲལ་བར་ངོ་རྒོལ་དང་། དམར་ཤོག་ཚོགས་པར་གུས་བརྩི་དང་རྒྱལ་ཁབ་གཅིག་གྱུར་སོགས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། ཡང་གོང་ཞུས་འབྲེལ་ཡོད་ནས་འདི་ལོ་རང་སྐྱོང་ལྗོངས་ཡོངས་སུ་གཞུང་ཞབས་ཡིག་རྒྱུགས་གཏོང་ཡུལ་ ༤ ཙམ་བཀོད་སྒྲིག་བྱས་ཡོད་སྐོར་བརྗོད་བཞིན་འདུག་ལ། ཡིག་རྒྱུགས་གཏོང་སྐབས་སྒྲིག་གཞི་དམ་པོ་དང་། བརྐུ་བཤུས་རིགས་བྱས་ན་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདི་ལོའི་ཡིག་རྒྱུགས་ནི་རྒྱ་ནག་རྒྱལ་ཡོངས་སུ་གཞུང་ཞབས་ཡིག་རྒྱུགས་གཏོང་ཐེངས་བདུན་པ་དེ་ཡིན་པ་ཞིང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་ཉམ་ཆགས་སོགས་ཀྱིས་སྲིད་གཞུང་གི་ལས་གནས་ཆེད་འབད་བརྩོན་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་ལ། བོད་ནང་དུ་མཚོན་ན་རྒྱ་ནག་གཞུང་གིས་བོད་ཡིག་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་འོག བོད་ནང་གི་བོད་ཡིག་ཆེད་སྦྱོང་མཐར་ཕྱིན་སློབ་མ་ཚོར་ལས་ཀའི་གོ་སྐབས་ཇེ་ཉུང་དང་ལས་བྱེད་དངོས་ཀྱི་ས་མིག་མི་ཐོབ་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད་ལ། འདི་ལོའི་ཟླ་ ༨ ནང་བོད་ནང་གི་འབྲེལ་ཡོད་སློབ་ཆེན་མཐར་ཕྱིན་སློབ་མ་ཞིག་ནས། ད་ལྟའི་ཆར་བོད་ནང་གི་ས་གནས་གང་དུ་ཡིན་ན་ཡང་བོད་ཡིག་དགོས་མཁོ་ཅན་གྱི་ལས་ཁུངས་ཇེ་ཉུང་དང་། སྲིད་གཞུང་གི་ལས་ཀའི་ས་མིག་ཁག་ཏུ་ལས་གཉེར་ཆེད་ཡིག་རྒྱུགས་གཏོང་བཅུག་ན་ཡང་། ལས་ཀའི་གོ་སྐབས་ཐོབ་རྒྱུ་དཀའ་ཁག་ཆེན་པོ་ཡིན་པ་དང་། ཕྱི་ལོ་ ༢༠༢༡ ཙམ་ནས་བོད་རིགས་བོད་ཡིག་ཆེད་སྦྱོང་གིས་སློབ་ཆེན་མཐར་ཕྱིན་ལས་མེད་ཇེ་མང་ཡིན་པ། བོད་རིགས་ཚོར་མངའ་རིས་དང་ནག་ཆུ་སོགས་ས་བབས་མཐོ་ས་ཁག་ཏུ། ལས་བྱེད་དངོས་མིན་པར་གཡར་མའི་ངོ་བོའི་ཐོག་ནས་ལས་ཀ་གང་མཚམས་སྤྲོད་པ་དང་། སྲིད་གཞུང་གི་ལས་ཁུངས་མཐོ་གྲས་ཁག་ནང་ལས་ཀའི་གོ་སྐབས་ཧ་ཅང་ཉག་ཕྲ་བ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།