བལ་ཡུལ་མའོའི་ཚོགས་པས་སྲིད་བློན་ལ་ཉེན་བརྡ་བཏང་བ།
2011.07.30
༄༅༎ད་ལྟའི་བལ་ཡུལ་གཞུང་འཛིན་གྱི་མནའ་འབྲེལ་གཙོ་བོ་མའོའི་ཚོགས་པའི་མགྲིན་ཚབ་པ་དི་ན་ནཐ་ཤར་མས་འགྲེལ་བརྗོད་བྱེད་པར་ལྟར་ན། རེས་གཟའ་སྤེན་པའི་ཉིན་ཚོགས་པའི་རྒྱུན་ལས་རྣམས་ཛ་དྲག་ཚོགས་འདུ་བསྐོངས་ཚོགས་བྱེད་པ་བརྒྱུད་ཐག་ཆོད་བྱུང་བ་ལྟར་ན། གལ་སྲིད་སྲིད་བློན་མཆོག་ནས་གཟའ་ཉི་མ་བར་བློན་ཆེན་ལྷན་ཚོགས་སུ་འགྱུར་བ་མ་གཏོང་བ་ཡིན་ན་ང་ཚོའི་ཚོགས་པའི་ངོས་ནས་གདོང་ལེན་ཤུགས་ཆེ་བྱེད་རྒྱུ་ཡིན་ཞེས་གསུངས་ནས། གཟའ་སྤེན་ནས་བཟུང་ཁོང་ཚོའི་ཚོགས་པའི་བློན་ཆེན་རྣམས་དགོངས་ཞུ་བྱེད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་འདུག རྩ་བའི་མགྲིན་ཚབ་པས་གདོང་ལེན་གང་འདྲ་ཞིག་བྱེད་རྒྱུ་ཡིན་མིན་དམིགས་བསལ་གསལ་པོ་གང་ཡང་འགྲེལ་བརྗོད་བྱེད་མེད་ཀྱང་། ཕལ་ཆེར་ཁོང་ཚོའི་ངོས་ནས་གཞུང་གི་མནའ་འབྲེལ་ནས་ཕྱིར་འཐེན་གྱིས་གྲོས་ཚོགས་ནང་ད་ལྟའི་སྲིད་བློན་གྱི་ཚོགས་པར་རྒྱབ་སྐྱོར་ཉུང་དུ་ཕྱིན་ནས་རང་བཞིན་གྱི་གཞུང་འཛིན་མི་ཐུབ་པ་ཞིག་བཟོ་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག
ད་རེས་གནས་ཚུལ་བྱུང་རྐྱེན་ནི། ཟླ་བ་འདིའི་མགོ་སྟོད་དུ་མའོའི་ཚོགས་པའི་སྤྱི་ཁྱབ་པར་ཅན་དས། སྲིད་བློན་མཆོག་ལ་བློན་ཆེན་ལྷན་ཚོགས་སུ་ཁོང་ཚོའི་ཚོགས་པའི་མི་སྣ་ཉི་ཤུ་རྩ་བཞི་ཙམ་བསྐྱར་དུ་བསྐོ་འདེམས་བྱེད་ནས་བློན་ཆེན་ལྷན་ཚོགས་ལ་འགྱུར་བ་གཏོང་དགོས་ལུགས་དགོས་འདུན་བཏོན་ཡོད་ཀྱང་། ད་བར་སྲིད་བློན་གྱིས་དམིགས་བསལ་འགྱུར་བ་བཏང་མེད་པར་བརྟེན་ད་རེས་ཁོང་ཚོས་གྱེན་ལོག་བྱེད་ཀྱི་ཡོད་པའི་དཔྱད་ཞིབ་བྱེད་འདུག གལ་སྲིད་གཞུང་འཛིན་ཚགས་ཚུད་པོ་ཞིག་མ་བྱུང་བ་ཡིན་ན་ཟླ་བ་རྗེས་མའི་ཚེས་ ༣༡ ཉིན་སྔོན་གཏན་འཁེལ་བའི་རྩ་ཁྲིམས་གསར་བཟོའི་ལས་དོན་ཡང་རང་བཞིན་གྱི་སླར་ཡང་ནར་འགྱངས་འགྲོ་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ད་བར་བལ་ཡུལ་ནང་གཞུང་འཛིན་ཐེངས་བཞི་ཙམ་བརྗེ་པོ་རྒྱབ་ཟིན་ཡོད་པ་དང་། ད་ལྟའི་གཞུང་འདི་བཞིན་བཙུགས་ནས་ཟླ་བ་ལྔ་ཙམ་ལས་ཕྱིན་མེད་པ་དང༌། ་སླར་ཡང་དཀའ་རྙོག་འཕྲད་རྒྱུའི་ཉེན་ཁ་ཆགས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།