སྲས་འཇིགས་མེད་ནོར་བུ་ལགས་ཆེད་མྱ་ངན་འདས་མཆོད།

ཨ་རིར་ཡོད་པའི་སྐུ་འབུམ་བྱམས་བརྩེ་གླིང་ལྟེ་གནས་ཁང་དུ་སྲས་འཇིགས་མེད་ནོར་བུ་ལགས་ཆེད་གསོལ་འདེབས་སྨོན་ལམ་གྱི་འདུ་ཚོགས།

2011-02-16
Share

༄༅༎ཞིང་གཤེགས་དམ་པ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་འདས་པའི་ལོ་ཤས་རིང་བོད་རང་བཙན་ཆེད་གོམ་བགྲོད་ལན་མང་གནང་བའི་མཐར་ ཁ་ཉིན་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ལྷོ་ཕྱོགས་གྲོང་ཁྱེར་ཕོལོ་རི་ཌ་ནང་མི་ལེ་༣༠༠འི་གོམ་བགྲོས་ཤིག་དབུ་འཛུགས་གནང་བའི་ཉིན་དང་པོར་སྣུམ་འཁོར་ཞིག་གིས་གདོང་ཐུག་རྒྱབ་ནས་གློ་བུར་འཇིགས་མེད་ནོར་བུ་ལགས་ཀྱི་སྐུ་ཚེའི་ཕན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་དེ་བྱུང་ཡོད་པ་རེད།

ཁོང་གུང་ལོ་ཆུང་དུས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚ་ཡིན་པའི་སྤོབས་པ་ཆེན་པོ་གནང་གི་ཡོད་ནའང༌། ཉེ་བའི་ལོ་ཤས་ནང་ཁོང་གི་དགོངས་ཚུལ་ལ་འགྱུར་བ་ཕྱིན་ནས་ཁོང་གི་ཡབ་དམ་པས་དབུ་འཛུགས་གནང་བའི་བོད་རང་བཙན་གོམ་བགྲོས་མུ་མཐུད་མཇུག་འཁྱོངས་གནང་སྟེ་ད་བར་ཨ་རི་དང་ཡུལ་གྲུ་གཞན་ནང་གོམ་བགྲོས་དང་རྐང་འཁོར་སྐོར་བསྐྱོད་མེ་ལེ་༧༨༠༠ཙམ་གནང་ཟིན་པ་དང༌། མཐར་ཁེ་ཉིན་ཁོང་གི་སྐུ་ཚེའི་ཕན་པ་རྫོགས་པའི་སྐབས་སུའང། རྒྱ་ནག་གི་བཙན་འོག་ནས་བོད་ལ་རང་བཙན་རྩོད་ལེན་གྱི་དྲིལ་བསྒྲགས་ཆེད་ཕོལོ་རི་ཌ་མངའ་ཁུལ་གྱི་སེནཏ་ཨོ་གསི་ཀྲིན་ཁུལ་གྱི་གཞུང་ལམ་ཐོག་གོམ་བགྲོས་གནང་བཞིན་ཡོད་པ་རེད།

འཇིགས་མེད་ནོར་བུ་ལགས་དམ་པ་དེའི་བཞུགས་གནས་སྦུ་ལུ་མིང་ཀྲོན་དུ་ཁ་ས་སྐུ་འབུམ་བྱམས་བརྩེ་གླིང་ལྟེ་གནས་ཁང་གི་མཆོད་ཁང་ནང། ལྟེ་གནས་ཁང་དེའི་དབུ་འཛིན་ཨར་རྒྱ་རིན་པོ་ཆེ་དང་དགེ་འདུན་པ་གསུམ་གྱི་དབུ་བཞུགས་ཐོག་བོད་མི་༤༠ཙམ་གྱིས་འཇིགས་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་སོང་བའི་སྲས་འཇིགས་མེད་ནོར་བུ་ལགས་ཆེད་གསོལ་འདེབས་སྨོན་ལམ་གྱི་འདུ་ཚོགས་ཤིག་གནང་འདུག། དེ་བཞིན་འདི་ག་ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མི་ཚོས་ཀྱང་ཁ་ས་ཞལ་འདོན་གསོལ་འདེབས་ཀྱི་འདུ་ཚོགས་ཤིག་ཀྱང་གནང་སོང༌།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།