ཉག་ཆུ་རྫོང་གི་མེ་སྐྱོན་ཞི་འཇགས་སུ་ཕྱིན་ཡོད་ཀྱང་རྩ་མེད་བཟོ་ཐུབ་མེད་པར་མུ་མཐུད་དུ་བ་འཕྱུར་བཞིན་ཡོད་འདུག

2024.12.12
ཉག་ཆུ་རྫོང་གི་མེ་སྐྱོན་ཞི་འཇགས་སུ་ཕྱིན་ཡོད་ཀྱང་རྩ་མེད་བཟོ་ཐུབ་མེད་པར་མུ་མཐུད་དུ་བ་འཕྱུར་བཞིན་ཡོད་འདུག ཉག་ཆུ་རྫོང་གི་རི་ངོས་སུ་མེ་སྐྱོན་ཤོར་བཞིན་པའི་སྐབས། ༢༠༢༤།༡༢།༡༠ ཉིན།
མི་སེར་གྱི་འདྲ་པར།

ཟླ་ ༡༢ ཚེས་ ༩ ཉིན། བོད་ནང་གི་ཉག་ཆུ་རྫོང་ཆུ་ཁ་གྲོང་རྡལ་གྱི་རི་ངོས་སུ། འདི་ལོའི་དགུན་ཁ་དང་བསྟུན་བསྐྱར་དུ་མེ་སྐྱོན་ཤོར་ཡོད་པ་བཞིན། ཕྱི་ཚེས་ ༡༢་ཉིན་རྒྱ་ནག་གཞུང་འབྲེལ་ཉག་ཆུ་རྫོང་ ནགས་ཚལ་མེ་སྐྱོན་བཀོད་འདོམས་ལས་ཁུངས་ཟེར་བས། ཡུལ་དེའི་རི་ངོས་སུ་ཤོར་བཞིན་པའི་མེ་སྐྱོན་བསད་ཚར་ཡོད་པ་བསྒྲགས་འདུག་ན་ཡང་། མེ་ལྕེ་མཆེད་བཞིན་པའི་གནས་སྟངས་་ཞི་འཇགས་སུ་ཕྱིན་ཡོད་ན་ཡང་། ས་ཁུལ་དེ་དག་ཏུ་མུ་མཐུད་དུ་བ་འཕྱུར་བཞིན་ཡོད་སྟབས་མེ་སྐྱོན་རྩ་ནས་གསོད་ཐུབ་མེད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་ནས་མུ་མཐུད་བརྗོད་དོན་ལ། མེ་སྐྱོན་ཁྲོད་རི་ངོས་མཐོ་སར་ཡོད་པའི་ཁང་པ་རེ་ཟུང་ཉེན་ཁའི་ཁྲོད་ལྷུང་ཡོད་ན་ཡང་། མེ་སྐྱོན་རྐྱེན་གྱིས་རི་ངོས་སུ་འགྲོ་སྐྱོད་བྱེད་ཆོག་གི་མེད་སྟབས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་ཐུབ་ན་ཡང་། མི་ལ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་སོགས་ཀྱི་སྟངས་བྱུང་བའི་གནས་ཚུལ་མེད་སྐོར་འགྲེལ་བརྗོད་གནང་བྱུང་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མེ་སྐྱོན་གསོད་ཐུབ་ཡོད་པ་མ་ཟད། མེ་སྐྱོན་བྱུང་དོན་རླུང་ཤུགས་རྐྱེན་གྱིས་རི་ངོས་ཀྱི་གློད་སྐུད་ཀྱིས་མེ་ཤོར་བ་ཡིན་པ་དང་། ད་ལྟའི་ཆར་མེ་སྐྱོན་བསོད་ཐུབ་པ་བྱུང་བ་མ་ཟད་ལྟ་ཞིབ་འོག་ཏུ་ཡོད་པ་བཅས་བཀོད་འདུག

ཉག་ཆུ་རྫོང་ནི་རི་མཐོ་གཡང་གཟར་དང་ཤིང་ནགས་སྟུག་པོ་ཡོད་པའི་གནས་ཤིག་ཡིན་སྟབས། ལོ་ལྟར་མེ་སྐྱོན་གྱི་གནས་ཚུལ་ཐོན་གྱི་ཡོད་པ་དང་། ༢༠༢༣ ལོར་ཡུལ་དེའི་ནག་ཆུ་མར་རུ་མཚོ་གྲོང་སྡེའི་ཐང་འཇོར་ནགས་ཚལ་ལ་མེ་སྐྱོན་ཤོར་ནས་ཉིན་གསུམ་ལྷག་ཙམ་རིང་མེ་གསོད་ཐུབ་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། འདི་ལོའི་ཟླ་ ༣ ནང་ས་གནས་དེ་དང་ཁད་ཉེ་བའི་མགར་ར་གྲོང་ཚོའི་རི་ངོས་སུ་མེ་སྐྱོན་ཤོར་དེ། གྲོང་ཚོའི་དུད་ཁྱིམ་ཁག་ཅིག་མེས་འཚིག་ཏེ་ཡུལ་མིའི་རྒྱུ་ནོར་ལ་གྱོང་གུད་དང་། བདུན་ཕྲག་གཉིས་ཙམ་རིང་མེ་གསོད་མ་ཐུབ་པར་ལྷག་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎