ཨ་རིའི་སྲིད་འཛིན་འོས་དམིགས་གཉིས་ནས་བོད་ཐོག་རྒྱབ་སྐྱོར།

ཨ་རིའི་མ་འོངས་པའི་སྲིད་འཛིན་འོས་དམིགས་གཉིས་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད་པའི་དཔྱད་གཏམ་ཞིག་སྤེལ་འདུག

2008-07-21
Share

༄༅༎དེ་ཡང་ལྦི་སི་ཀོན་སིན་མངའ་སྡེའི་ནང་གི་ཀེ་པི་ཊལ་ ཀྲ་ཡེམ་སེ་ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་སྐུ་ཞབས་འཇོན་ ནི་ཀོ་ལ་སེས་ད་རེས་དཔྱད་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་དོན་གཙོ་བར། ཨ་མི་རི་ཀའི་ད་ལྟའི་སྲིད་འཛིན་ཇོ་ཇེ་དྲབ་ལུ་སྦུཤེ་མཆོག་གིས། རྒྱ་ནག་གཞུང་ནས་བོད་ནང་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་བྱས་པ་དང༌། སུ་ཌའན། འབར་མའི་སྲིད་དབང་གཅིག་བསྡུས་ཀྱི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་ཡོད་བཞིན་དུ་བརྩི་མེད་རྡོག་རོལ་བཏང་ནས་ཨོ་ལིམ་པིག་རྩེད་འགྲན་སྐབས་ཕེབས་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། གནད་དོན་དེའི་ཐོག་སྲིད་འཛིན་འོས་དམིགས་སྦ་རག ཨོ་སྦ་མས། རྒྱ་ནག་གཞུང་ནས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་བར་གྲོས་མོལ་གནང་བ་དེ་དག་གི་ཐོག་དམིགས་བསལ་ཡར་རྒྱས་ཕྱིན་པའི་རྣམ་པ་མེད་པར་བརྟེན་གལ་སྲིད་ཁོང་རང་ཉིད་སྲིད་འཛིན་ཡིན་ན་གནས་སྟངས་འདི་འདྲའི་འོག་ཕེབས་པ་མི་འདུག་ཅེས་གསུངས་ཡོད་པ་རེད། ཁོང་གིས་ བོད་ཀྱི་གནད་དོན་ཐོག་དེའི་གོང་དུ་རྒྱབ་སྐྱོར་གནང་ཡོད་པ་ནི། གྲོས་ཚོགས་ནང་ཕྱི་སྲིད་ལས་དོན་ཚན་པའི་ཚོགས་ཆུང་གི་སྙན་ཐོ་བཏོན་པའི་རྗེས་སུའང་ཁོང་གིས། གལ་སྲིད་རྒྱ་ནག་མི་མང་གཞན་ཚོའི་མཉམ་བོད་རིགས་ཚོའང་ཞི་བདེ་ལྷིང་འཇགས་ངང་གནས་དགོས་ཀྱི་ཡོད་པ་ཡིན་ན་བོད་མི་ཚོའི་ཆོས་དང་རིག་གཞུང་ལ་བརྩི་འཇོག་དང༌། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཀྱི་རེད་ཅེས་དགོངས་ཚུལ་གསུངས་ཡོད་པ་བཅས་བོད་ཀྱི་གནད་དོན་ཐོག་ཤུགས་ཆེན་པོའི་ཐོག་རྒྱབ་སྐྱོར་གནང་ཡོད་རེད། ཡང་སྤྱི་མང་ཚོགས་པའི་སྲིད་འཛིན་འོས་དམིགས་སྐུ་ཞབས་འཇོན་མེ་ཀེན་མཆོག་ནས་ཀྱང་ཉེ་ཆར་བོད་ནང་དོན་རྐྱེན་བྱུང་བའི་སྐབས། བོད་ནང་གི་བོད་མི་ཚོས་སོ་སོའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུར་དམ་བསྒྲགས་བྱས་པ་དེ་ནི་ཤིན་ཏུ་མ་འོས་པ་རེད་ཅེས་དང༌། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཞི་བདེའི་དེད་དཔོན་ཞིག་ཡིན་པ་མ་ཟད་བོད་མི་ཚོའི་བློ་གཏད་ཞུ་ཡུལ་ཞིག་ཀྱང་ཡིན་པ་བཅས་ལ་བརྟེན་རྒྱ་ནག་གཞུང་ནས་བོད་མི་ཚོའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་ཞུ་དགོས་ལུགས་གསུངས་ཡོད་རེད། འོན་ཀྱང་ཉེ་ཆར་སྲིད་འཛིན་སྦུ་ཤེ་མཆོག་ཨོ་ལིམ་པིག་རྩེད་འགྲན་ཕེབས་རྒྱུའི་གསལ་བསྒྲགས་གནང་བ་དེའི་ཐོག་འདི་བྱས་དགོངས་ཚུལ་གང་ཡང་བཏོན་མེད་པ་ནི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ཡོད་མིན་ཐེ་ཚོམ་ཞིག་རེད་ཅེས་དཔྱད་ཞིབ་བྱས་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།