རྒྱ་གར་དུ་ཡོད་པའི་དགེ་འདུན་པར་འཚོ་སྣོན་རོགས་རམ།

ཟླ་སྣང་ཀུན་ཕན་ཐེབས་རྩ་ལྷན་ཚོགས་ནས་རྒྱ་གར་ནང་ཡོད་པའི་དགེ་འདུན་པ་གྲངས་༣༤༠ལ་འཚོ་སྣོན་གྱི་རོགས་རམ་གནང་འགོ་ཚུགས་འདུག

2011-02-17
Share

༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཟླ་སྣང་ཀུན་ཕན་ཐེབས་རྩ་ལྷན་ཚོགས་ནས་རྒྱ་གར་ནང་ཡོད་པའི་དགེ་འདུན་པ་གྲངས་ ༣༤༠ལ་འཚོ་སྣོན་གྱི་རོགས་རམ་གནང་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག་།

དེ་ཡང་ཁ་ས་ཨ་རིའི་བོད་གཞུང་སྐུ་ཚབ་དོན་ལས་ཁང་གི་གནས་ཚུལ་བཏང་གསལ་གཞིགས་ན་ ཨ་མི་རི་ཁའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ཟླ་སྣང་ཀུན་ཕན་ཐེབས་རྩ་ལྷན་ཚོགས་ནས་ཨ་རི་སྐུ་ཚབ་དོན་གཅོད་ཁང་ལ་འབྲེལ་བ་ཞུས་ཏེ་རྒྱ་གར་ནང་ཡོད་པའི་དགོན་སྡེ་གྲྭ་ཚང་ཁོངས་སུ་ཡོད་པའི་དགུང་ལོ་དྲུག་བཅུ་བརྒལ་ཞིང་། རྒྱུན་ལྡན་སྐུ་གཟུགས་ཞན་གཅོང་ཡིན་པའི་གྲྭ་བཙུན་ཞལ་གྲངས་༣༤༠ལ་ཟླ་རེར་ཧིན་སྒོར་བརྒྱ་རེ་འཚོ་སྣོན་གྱི་ངོ་བོར་རོགས་རམ་ཞུ་རྒྱུའི་ཐག་གཅོད་གནང་ཡོད་འདུག སྐུ་ཚབ་དོན་གཅོད་ཁང་གི་གནས་ཚུལ་ནང་གསལ་ལྟར་ན་  སྐུ་ཚབ་དོན་གཅོད་ཁང་གིས་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ལ་འབྲེལ་བ་ཞུས་པ་ལྟར། ཆོས་རིག་ལས་ཁུངས་ནས་རྒྱ་གར་ནང་ཡོད་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་གྲྭ་ཚང་ཁོངས་སུ་ཡོད་པའི་དགུང་ལོ་དྲུག་བཅུ་བརྒལ་ཞིང་། རྒྱུན་ལྡན་སྐུ་གཟུགས་ཞན་གཅོང་ཡིན་པའི་གྲྭ་བཙུན་ཞལ་གྲངས་༣༤༠འི་མཚན་ཐོ་གནང་འབྱོར་བྱུང་བ་དང་། ཟླ་སྣང་ཀུན་ཕན་ཐེབས་རྩ་ལྷན་ཚོགས་ནས་ཕྱི་ཟླ་༥ནས་འགོ་འཛུགས་ཏེ་ཟླ་བ་དྲུག་གི་འཚོ་སྣོན་དངུལ་འབོར་ཐེངས་དང་པོ་དེ་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ཆོས་རིག་ལས་ཁུངས་སུ་ཕུལ་ཟིན་ཡོད་པ་རེད་ ཟླ་སྣང་ཀུན་ཕན་ཐེབས་རྩ་ལྷན་ཚོགས་ནི་གནས་ནང་བླ་མ་ཚེ་དབང་ལགས་ནས་  ༢༠༠༢ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་གཉེར་ངོ་བོ་མེད་པའི་ཚོགས་སྡེ་ཞིག་ཡིན་ཞིང་། རིག་གཞུང་སྲུང་སྐྱོབ་དང་། སྐྱ་སེར་སློབ་གསོ། འཕྲོད་བསྟེན་སྨན་བཅོས། དབུལ་སྐྱོབ། སྦྱིན་གཏོང་བཅས་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ཡིན་པར་ངོ་སྤྲོད་གནང་འདུག ལྷན་ཚོགས་ཀྱི་ད་ལྟའི་འགན་འཛིན་ནི་གནས་ནང་བླ་མ་ཚེ་དབང་ལགས་ཡིན་པ་དང་། ཁོང་ནི་དུས་རྒྱུན་ནས་སྐུ་ཚབ་དོན་གཅོད་ཁང་གི་བྱེད་སྒོ་ཁག་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཅིག་ལ་ཡང་རོགས་རམ་གང་ཡོང་གནང་མཁན་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་བཞག་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།