པཎ་ཆེན་རྒྱལ་མཚན་ནོར་བུ་མདོ་སྨད་ཀྱི་ས་གནས་ཁག་ཅིག་ལ་ཡོང་འཆར་དང་བསྟུན་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2024.06.13
པཎ་ཆེན་རྒྱལ་མཚན་ནོར་བུ་མདོ་སྨད་ཀྱི་ས་གནས་ཁག་ཅིག་ལ་ཡོང་འཆར་དང་བསྟུན་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག རྒྱ་ནག་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བོད་ནང་ལྟ་སྐོར་དུ་བསྐྱོད་སྐབས། ༢༠༢༡།༠༧
མི་སེར་གྱི་འདྲ་པར།

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་མགོར་རྒྱ་ནག་གི་ངོས་འཛིན་བྱས་པ་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ། བོད་ནང་གི་མཚོ་སྔོན་ཕྱོགས་ཀྱི་གཅན་ཚ་དང་རེབ་གོང་། མགོ་ལོག་སོགས་ཀྱི་ལྟ་སྐོར་དུ་ཕེབས་འཆར་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ས་གནས་དེ་ཁུལ་དུ་གནས་ཚུལ་དེ་ཧ་ཅང་གསང་རྒྱ་དགོས་པ་མ་ཟད། ཁོང་ས་གནས་དེར་བསླེབ་ཉིན་ས་གནས་རེ་ནས་མི་གྲངས་ ༡༥༠ ངེས་པར་དགའ་བསུ་སྣེ་ལེན་ཞུ་རུ་ཡོང་དགོས་པའི་བཙན་ཐབས་གོ་སྒྲིག་སོགས་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་བཞི་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། རྒྱལ་མཚན་ནོར་བུ་ས་གནས་སུ་ཡོང་ཉིན་དེ་ཕྱི་ཚེས་ ༡༤ ནས་བདུན་ཕྲག་གཅིག་ལྷག་ ཡིན་ཞེས་གཏན་འཁེལ་བྱས་ཡོད་ན་ཡང་། ད་ལྟའི་ཆར་དེ་ལྟར་ལབ་པ་ཙམ་ལས་འབྱོར་ཚེས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན་པ་དང་། ཐོག་མར་འབྱོར་གནས་དེ་གཅན་ཚ་ལ་མོ་བདེ་ཆེན་དགོན་དང་། དེ་ནས་རེབ་གོང་རོང་བོ་དགོན་པ་བཅས་སུ་ལྟ་སྐོར་བྱས་རྗེས། མགོ་ལོག་ཕྱོགས་སུ་འགྲོ་འཆར་ཡོད་འདུག་ན་ཡང་། ཁོང་ལྟ་སྐོར་ལ་ཡོང་འཆར་དང་འབྲེལ་ས་གནས་སུ་དམ་དྲགས་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ཆབ་སྲིད་བཙོན་ཟུར་དང་རྒྱ་ནག་གཞུང་གིས་དོགས་གཞི་ཡོད་རིགས་བོད་མི་ཚོར་དམ་དྲགས་དང་ལྟ་སྲུང་སོགས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༢༠༢༠ ཙམ་ནས་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུར་བོད་ཀྱི་ས་ཁུལ་གང་སར་ལྟ་སྐོར་དུ་ཆེད་གཏོང་གིས། བོད་མི་ཚོས་ཁོང་ལ་དད་མོས་ག་འདྲ་བྱེད་བཞིན་པ་སོགས་ཀྱི་སྐོར་ནས་བརྟག་དཔྱད་ལྟ་བུ་བྱེད་བཞིན་ཡོད་ན་ཡང་། སྔར་ལོ་ཁོང་བོད་ནང་གི་རྒྱལ་ཐང་དང་། ལི་ཐང་། འབའ་ཐང་། སྨར་ཁམས། འདབ་པ་རྫོང་བཅས་སུ་ལྟ་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་ས་གནས་བོད་མི་ཚོར་ཁོང་ལ་མཇལ་ཁར་ཡོང་བ་ཡིན་ན་རྒྱ་སྒོར་བརྒྱ་རེ་སྤྲོད་རྒྱུ་ཡིན་པ་སོགས་བསྒྲགས་ཡོད་པ་རེད་ལ། ཡང་འབྲེལ་ཡོད་གཞན་དེས་ཁོང་དེ་སྔ་ལོ་ཤས་སྔོན་ནས་རེབ་གོང་ཏུ་ཡོང་འཆར་བྱས་ཡོད་ན་ཡང་། བདེ་འཇགས་སོགས་ཀྱི་ཐད་ནས་གྲ་སྒྲིག་མེད་སྐོར་བརྗོད་ནས་ཡོང་ཐུབ་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱལ་མཚན་ནོར་བུ་ས་གནས་གང་དུ་ལྟ་སྐོར་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་། ཆོས་ལུགས་དད་མོས་དང་འཚོ་བ་ཡག་པོ་ཡོད་པ་བསྒྲགས་ཐབས་བྱེད་བཞིན་ཡོད་ན་ཡང་། ཁོང་གི་ལྟ་སྐོར་ལ་རྒྱ་ནག་གཞུང་གིས་གྲ་སྒྲིག་ཙམ་ལས་བོད་མི་ཚོ་དེ་ཙམ་ཡོང་མཁན་མེད་པར་བཙན་ཐབས་བྱེད་བཞིན་པའི་གནས་ཚུལ་དེ་སྔ་ཐོན་ཡོད་པ་རེད། ཕྱི་ལོ་ ༢༠༢༡ ལོར་ཁོང་མདོ་སྨད་མཛོད་དགེ་དང་རྔ་བ། ཁྱུང་མཆུ། འབར་ཁམས་སོགས་སུ་སྐོར་སྐྱོད་སྐབས། ས་གནས་བོད་མི་དང་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་དགའ་བསུ་དགོས་པའི་བཙན་ཐབས་བྱས་ཡོད་པ་རེད། གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་དབང་ཆ་རྒྱ་ནག་གཞུང་ལ་ཡོད་སྐོར་བརྗོད་ནས་ཁྲིམས་སྒྲིག་མང་པོ་ཞིག་བཟོས་ཡོད་པ་ལྟར།  ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་གཞུང་ནས་དྲ་ལམ་ཐོག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་མིང་གཞུང་ཐོ་བཀོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཏེ། བོད་ཀྱི་དབུ་ཁྲིད་གོང་ས་མཆོག་དབུས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་རྒྱ་ནག་གཞུང་ལ་ཡོད་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་བླ་སྤྲུལ་ཁག་ལ་ཆེ་བསྟོད་ཞུ་བཞིན་མེད་པ་ཡོང་གྲགས་ཡིན་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་ཨ་རིས་གཏན་འབེབས་བྱས་པའི་བོད་རྒྱ་རྩོད་རྙོག་གི་ཁྲིམས་ཡིག་ལ་ངོ་རྒོལ་ཤུགས་ཆེ་བྱས་ནས་རྒྱ་ནག་གི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་འཇོག་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎