པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཡོངས་བསྒྲགས་དགོས་བ་ཨ་རིས་རྒྱ་ནག་ལ་འབོད་སྐུལ་བྱས་འདུག

2021.04.23
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཡོངས་བསྒྲགས་དགོས་བ་ཨ་རིས་རྒྱ་ནག་ལ་འབོད་སྐུལ་བྱས་འདུག ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ཆེད་དྲིལ་བསྒྲགས་ལས་འགུལ་སྐབས། 2013
Reuters

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཡོངས་བསྒྲགས་དགོས་བ་དང་ཨ་རིའི་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་བྱེད་དུ་འཇུག་དགོས་པ་ཨ་རིས་རྒྱ་ནག་ལ་འབོད་སྐུལ་བྱས་འདུག
རྒྱ་ནག་གཞུང་གིས་བོད་མི་ཚོས་དད་གུས་བྱེད་ཡུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གང་ཡོད་དང་གནས་སྟངས་ཇི་ཡོད་སྐོར་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཁོང་སྒེར་དང་ཐུག་འཕྲད་བྱེད་འཇུག་དགོས་བ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Ned Price)ལགས་ཀྱིས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་བསྟུན་འཆཪ་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་གཟའ་ཕུར་བུ་ཕྱི་ཚེས་༢༢ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་སྐབས་སུ། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Ned Price)ལགས་ཀྱིས། ཕྱི་ཚེས་༢༥་ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བོད་མིའི་ཆོས་ཕྱོགས་ཀྱི་གྲགས་ཅན་དབུ་ཁྲིད་ཞིག་ལ་ལུགས་མཐུན་གྱིས་ངོས་འཛིན་ཐོབ་པར། རྒྱ་ནག་གཞུང་གིས་ངོས་བཞེས་མི་བྱེད་པ་དང་། ཁོང་ཉིད་བོད་མིའི་སྤྱི་ཚོགས་དང་ཁ་བྲལ་དུ་བཏང་ནས་སླར་ཡང་ལོ་གཅིག་གར་སོང་ཆ་མེད་ཀྱི་གནས་བབས་འོག་བཙན་ཤེད་ཀྱིས་མི་ཚེ་བསྐྱེལ་འཇུག་གི་ཡོད་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོས་དད་གུས་བྱེད་ས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གང་ཡོད་གནས་སྟངས་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་པ་མ་ཟད། ཁོང་སྒེར་དང་ཨ་རིའི་གཞུང་གི་མི་སྣ་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་སྤྲོད་དགོས་པ་ནན་སྐུལ་བྱས་ཡོད་པ་རེད།

ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་མུ་མཐུད་དུ། ཨ་རིའི་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་སྐད་ཡིག་གི་ངོ་བོ་སྲུང་སྐྱོབ་ཀྱི་ཐོག་རྒྱབ་སྐྱོར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཐེ་ཇུས་མེད་པའི་ཐོག་ནས་བོད་མི་ཚོར་རང་ཉིད་ཀྱི་དབུ་ཁྲིད། དཔེར་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་དང་དད་གུས་དེ་ནས་བསླབ་པ་སློབ་གཉེར་བྱེད་འཇུག་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

Ned-Price.jpg

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྤྱི་ལོ་༡༩༩༥ཙམ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐབ་ཐང་ལྷན་ཁང་ནས་པཎ་ཆེན་པོ་རིན་པོ་མཆོག་གི་གནད་དོན་ཐད་རྒྱ་ནག་གཞུང་ལ་དྲི་བ་རབ་དང་རིམ་པ་མང་པོ་ཞིག་བཏང་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་དམིགས་བསལ་གྱིས་ཐུགས་སྣང་དང་གནད་དོན་གལ་ཆེ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
དེ་དང་ཕྱོགས་མཚུངས་ད་བར་འཛམ་གླིང་གི་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ཐད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་དང་གནོན་ཤུགས་དུ་མ་ཞིག་སྤྲད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས། སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༦པའི་ནང་རྒྱ་ནག་གཞུང་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག རྒྱ་ནག་གཞུང་གི་ལྟ་སྐྱོང་འོག་མཐོ་སློབ་ལེགས་པར་ཐོན་ནས་ལས་ཀར་ཞུགས་བཞིན་ཡོད་ཚུལ་གྱི་ལན་འདེབས་བྱས་ཡོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་མཆོག་གིས་ཆོས་ཕྱོགས་ཀྱི་ལམ་སྲོལ་གཏོར་བཤིག་བཏང་བ་མ་ཟད། ཁོང་ལ་པཎ་ཆེན་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་མེད་ཅེས་རྒྱ་ནག་གཞུང་གིས་གཞི་མེད་སྐྱོན་བརྗོད་བྱས་ཡོད་པར་བརྟེན། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་ནག་གཞུང་ལ་གོང་ཞུས་གནད་དོན་དང་འབྲེལ་བའི་ལན་འདེབས་ཤིག་གནང་བའི་ནང་། འཛམ་གླིང་མི་མང་ནས་ཆེས་གུས་བརྩི་ཞུ་ཡུལ་དང་། ནོ་བེལ་ཞི་བདེ་གཟེངས་རྟགས་བཞེས་གནང་མྱོང་མཁན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གཞུང་གིས་ཁྱད་གསོད་ཀྱི་གཞི་མེད་སྐྱོན་བརྗོད་བྱས་པར་རྩ་བ་ནས་ངོས་ལེན་མེད་པ་མ་ཟད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་དངོས་ཡོད་མ་ཡིན་པའི་གནས་ཚུལ་བཤད་བཞིན་པ་ཁག་ཐེར་འདོན་བྱས་ཡོད་པ་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་སྤྱི་ལོ་༡༩༨༩ལོའི་སྤྱི་ཟླ༤པའི་ཚེས༢༥ཉིན་བོད་ལྷ་རི་རྫོངས་སུ་སྐུ་འཁྲུངས་ཤིང་། སྤྱི་ལོ་༡༩༩༥ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གྱི་གསལ་བསྒྲགས་བསྐྱངས་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་བློ་བུར་དུ་ཁོང་དང་ཡབ་ཡུམ་སྐུ་འཁོར་བཅས་པ་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་ཏེ་ད་བར་མི་ལོ་ཧྲིལ་པོ་༢༦འཁོར་གྱི་ཡོད་པ་རེད།

ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་༡༩༨༩ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་བོད་ཀྱི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་སྐུ་འཁྲུངས་ཞིང་། དགུང་ལོ་དྲུག་ལ་ཕེབས་པའི་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་མཚན་གསོལ་གནང་ཡོད་པ་རེད། འོན་ཀྱང་ངོས་འཛིན་གནང་ནས་ཉིན་ཤས་རྗེས་ཕྱི་ལོ་༡༩༩༥་ཕྱི་ཟླ་ལྔ་པའི་ཚེས་༡༧་ཉིན་རྒྱ་ནག་གཞུང་གིས་གློ་བུར་ཁོང་དང་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་མི་ལོ་༢༦ཕྱིན་པ་དང་། ད་དུང་ཡང་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་རེད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཟླ་འདིའི་སྤྱི་ཚེས་༢༥་ཉིན་དགུང་ལོ་༣༢ལ་ཕེབས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎