ཧི་མ་ལ་ཡའི་ཁུལ་དུ་གནས་སྡོད་ཡུལ་མི་ཚོས་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་ཡིག་ལ་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།
ཟླ་ ༡༡ ཚེས་ ༤ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་ཡུལ་འབུམ་སྡེ་ལར་རྟེན་གཞི་བྱས་པའི་བོད་དགོན་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་ལེགས་སྒྲུབ་བྱུང་བར་དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་གྱིས་དབུ་འབྱེད་རབ་གནས་མཛད་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཆེད་ཕེབས་ཀྱིས། ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ཐོག་མར་རྒྱ་གར་དཔལ་ན་ལནྡྰ་ནས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་དར་ཁྱབ་བྱུང་བ་ཞིག་ཡིན་པར་བརྟེན། བོད་དང་རྒྱ་གར་གྱི་འབྲེལ་བ་དེ་བཞིན་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཡོད་པ་ཞིག་ཡིན་པས། འབྲེལ་བ་དེ་མུ་མཐུད་རྒྱུན་གནས་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཡིན་ཞེས་དང་། བོད་ནང་རྒྱ་ནག་གཞུང་གིས་ནང་ཆོས་དང་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པ་དེར། ཧི་མ་ལ་ཡའི་ཡུལ་མི་རྣམས་ནས་ནང་དེང་གདོང་ལེན་གྱིས་ནང་ཆོས་སྲུང་སྐྱོབ་བྱ་དགོས་སྐོར་གསུངས་ཡོད་པ་རེད།
དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་བོད་ནང་རིག་གནས་གསར་བརྗེ་ཡི་དོན་རྐྱེན་བྱུང་སྐབས་བོད་པའི་དགོན་པ་རྙིང་པ་སྟོང་ཕྲག་མང་པོ་རྒྱ་དམར་གྱིས་གཏོར་བཤིག་དང་གྲྭ་བཙུན་མང་པོ་ཞིག་སྐྱ་བབས་དགོས་པ་སོགས་ཀྱི་ཡིད་སྐྱོའི་གནས་སྟངས་བྱུང་ཡོད་པ་ནི། ཕྱོགས་གཅིག་ནས་ང་ཚོའི་རང་དབང་ཤོར་ཡོད་ན་ཡང་ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་ཐུབ་ཡོད་ཅིང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱི་དུས་སྐབས་སུ་མངའ་སྡེའི་ནང་ཞི་བདེ་དང་འཛུགས་སྐྲུན་ཡར་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་པ་ལ་ཡིད་རང་བསྔགས་བརྗོད་དང་། མངའ་སྡེའི་བློན་ཆེན་མཆོག་ནས་གཙུག་ལག་ཁང་གསར་རྒྱག་ཆེད་དུ་མཐུན་འགྱུར་རོགས་རམ་གང་ཡོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཙུག་ལག་ཁང་འདིའི་བརྒྱུད་ས་གནས་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་གོང་འཕེལ་ཐད་ཕན་ཐོགས་རྒྱ་ཆེ་བསྐྲུན་ཐུབ་པའི་རེ་བ་ཞུ་བཞིན་ཡོད་སྐོར་གསུངས་ཡོད་པ་རེད་ལ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཀྱང། གཙུག་ལག་ཁང་ཆེན་པོ་དེ་ལྟ་བུ་ཞིག་བཞེངས་རྒྱུ་ལས་སླ་པོ་ཞིག་མིན་པར་དེར་མཐུན་འགྱུར་མང་པོ་ཞིག་དགོས་པས། ད་རེས་གཙུག་ལག་ཁང་དེའི་ཐོག་ནས་བསྟན་འགྲོ་སྤྱི་ལ་ཕན་པ་སྒྲུབ་རྒྱུའི་ཐུགས་སྨོན་མཚམས་སྦྱོར་གནང་དགོས་རྒྱུ་གལ་ཆེ་ཡིན་སྐོར་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་རིག་གཞུང་དེ་བཞིན་འཛམ་གླིང་གིས་གཅེས་ནོར་ལྟ་བུ་ཡིན་པ་བཀའ་ཕེབས་དོན་བཞིན་ང་ཚོས་བོད་ཀྱི་སྐད་ཡིག་གི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་པར་འགན་ཆེ་བཞེས་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་།
གཙུག་ལག་ཁང་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་གསུང་འཕྲིན་ཞིག་ཀྱང་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནས་སྒྲོག་སྦྱང་གནང་ཡོད་པ་དང་། ཐེངས་འདིའི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གཞན་ཁག་ཅིག་དང་། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས། དེ་བཞིན་མངའ་སྡེ་གཞུང་གི་གནད་ཡོད་མི་སྣ་ཁག ས་གནས་ཀྱི་དགོན་སྡེ་ཁག་དང་ཚོགས་པ་ཁག་གི་སྐུ་ཚབ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྦྱིན་བདག་དང་སྐུ་མགྲོན་གཙོས་པའི་སེར་སྐྱ་མང་ཚོགས་ཕོན་ཆེ་ནས་མཉམ་ཞུགས་གནང་ཡོད་པ་རེད།
ཐུབ་མཆོག་དགའ་ཚལ་གླིང་དགོན་པ་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༦༠ ཡས་མས་སུ་ས་གནས་མང་ཚོགས་ནས་མ་སྐུལ་དང་བླངས་ཐོག་གསར་བཞེངས་གནང་ཡོད་ཅིང་། དེ་རྗེས་དགོན་པ་དེ་བཞིན་སྒུ་རུ་སྤྲུལ་སྐུ་སྐུ་ཐོག་གོང་མར་ཕུལ་ཡོད་པ་དང་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་རྗེས་སུ་སྒུ་རུ་སྤྲུལ་སྐུ་སྐུ་ཐོག་བཅུ་གཉིས་པ་མཆོག་ནས་དགོན་པའི་ཐུགས་འགན་བཞེས་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཚོའི་ཆེད་དུ་སྒུ་རུའི་བསྟན་པའི་སྒྲོལ་མེ་ཞེས་པའི་སློབ་གྲྭ་ཟུར་དུ་གསར་བཙུགས་གནང་ནས་ནང་པ་སངས་རྒྱས་པའི་ཆོས་དང་ལྷན་དེང་དུས་ཀྱི་ཤེས་ཡོན་གོ་སྐབས་འབུལ་བཞིན་ཡོད་པ་རེད། ད་ལྟ་གསར་དུ་བཞེངས་པའི་གཙུག་ལག་ཁང་འདི་བཞིན་ཕྱི་ལོ་ ༢༠༡༧ ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབུམ་སྡེ་ལར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་གཙུག་ལག་ཁང་དེའི་རྨང་རྡོ་འཇོག་གནང་མཛད་ཡོད་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།