རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་བཞུགས་སྒར་དུ་ཕེབས་འབྱོར།

2024.09.05
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་བཞུགས་སྒར་དུ་ཕེབས་འབྱོར། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས། ༢༠༢༤།༠༩།༠༥ ཉིན།
Pema Khandu

ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༧ ཉིན་མོན་ཡུལ་དད་ལྡན་མང་ཚོགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དེའི་ཐོག རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་མཉམ་ཞུགས་གནང་རྒྱུ་ཡིན་སྐོར་མོན་ཡུལ་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་བཞིན། ཟླ་བ་འདིའི་ཚེས་ ༥ ཉིན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་བྱུང་སོང་བ་དང་། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས། ཐེངས་འདིར་མོན་ཡུལ་གྱི་དད་ལྡན་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཐོག་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཞུས་ཡོད་པ་དེར་ང་རང་ཡང་མཉམ་བཞུགས་བྱེད་ཆེད་དུ་བསླེབས་ཡོད་ཅིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གཙོ་བོར་འགྱུར་བའི་འཛམ་གླིང་ཁྱོན་ཡོངས་སུ་བྱམས་སྙིང་རྗེ་དང་ཞི་བདེའི་བརྒྱུད་ཕན་པ་མང་དག་ཅིག་གྲུབ་གནང་ཡོད་པས། མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་གང་ལེགས་ཡོང་བའི་སྨོན་འདུན་ཞུ་ཞེས་འདི་ག་གསར་འགོད་པར་གསུངས་བྱུང་། དེ་རིང་སྤྱི་ཁྱབ་བློན་ཆེན་མཆོག་ནས་རྒྱུད་སྟོད་དགོན་པ་དང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་མཇལ་དུ་ཕེབས་གནང་སོང་བ་དང་། སང་ཉིན་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་འཆར་ཡོད་པ་རེད་འདུག

ཕྱི་ཟླ་ ༩ པའི་ཚེས་ ༧ ཉིན་མོན་ཡུལ་དད་ལྡན་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་ནི། གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་བཞིན་གསང་བ་རྒྱ་ཅན་གྱི་མདོའི་ནང་ཚན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་ལ། ཐེངས་འདིར་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཁྲོད་མོན་ཡུལ་དད་ལྡན་པ་ཁྱོན་ ༡༥༠༠ ལྷག་མཉམ་བཞུགས་གནང་གི་ཡོད་པ་རེད་འདུག

རྩ་བའི་བརྟན་བཞུགས་ཀྱི་སྔར་ཉིན་ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་མོར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་གྱི་དད་ལྡན་པ་ཚོར་༸གོང་ས་མཆོག་གིས་གསུང་ཆོས་གནང་འཆར་ཡོད་འདུག་ཀྱང་། ད་ཆ་དེར་འགྱུར་བ་བཏང་སྟེ་ཉིན་དེར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་པ་དད་ལྡན་ཆོས་ཞུ་བ་ཚོར་སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་ཆོས་བསྩལ་གཏན་འཁེལ་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎