བོད་ནང་རྒྱ་ནག་གཞུང་གིས་ཉེན་རྟོག་ཁང་དང་ཉེན་རྟོག་པ་ཇེ་མང་དུ་གཏོང་བཞིན་འདུག
2020.10.05
རྒྱ་ནག་གཞུང་གིས་དེང་སྐབས་ལྷ་ས་གྲོང་ཁྱེར་དང་རྫོང་ཁག་གི་ནང་མི་དམངས་སྟབས་བདེ་བསྐྲུན་པའི་ཉེན་རྟོག་ཁང་ཟེར་བ་བཙུགས་ནས་ཉེན་རྟོག་པའི་གྲངས་འབོར་ཇེ་མང་དུ་གཏོང་བཞིན་འདུག
སྤྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེར་བྱས་དང་བྱེད་མུས་ཡིན་པ་མ་ཟད། ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་གྲོང་ཁྱེར་ཆེ་ཁག་དང་། ཐ་ན་རྫོང་ཁག་ཏུ་མི་དམངས་སྟབས་བདེ་བསྐྲུན་ཉེན་རྟོག་ཁང་ཟེར་བ་ཆེད་འཛུགས་ཀྱིས། ཉེན་རྟོག་པའི་གྲངས་འབོར་ཇེ་མང་དུ་གཏོང་བཞིན་ཡོད་པའི་ཁར། ད་དུང་ས་ཁུལ་འདྲ་མིན་ལ་གོང་ཞུས་ཉེན་རྟོག་ཁང་དེའི་རིགས་གསར་འཛུགས་བྱེད་མུས་རེད་ཅེས་དང་། ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་ནང་གི་གཙོ་གནད་ཆེ་བའི་ས་ཁུལ་ཁག་ཏུ་མི་དམངས་སྟབས་བདེ་བསྐྲུན་པའི་ཉེན་རྟོག་ཁང་ཟེར་བའི་ཉེན་རྟོག་ཁང་༡༣༠་ལྷག་གསར་བསྐྲུན་བྱས་ཡོད་པ་འགྲེལ་བརྗོད་གནང་སོང་ལ། དེང་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཁུལ་དུ་ཉེན་རྟོག་པ་མང་པོ་ཞིག་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་རང་ཉིད་སློབ་གྲྭ་ཐོན་པའི་ལག་འཁྱེར་དེ་ཉེན་རྟོག་པའི་ལག་འཁྱེར་ཡིན་ན། ལྷ་སའི་ཁུལ་དུ་ད་སྐབས་ལས་ཀ་འཚོལ་བདེ་པོ་ཞེ་དྲག་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་འོག་རྒྱལ་ཁབ་སྲུང་བར་མཐའ་མཚམས་སྲུང་སྐྱོབ་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་དགོས་ཞེས་པའི་གནད་དོན་ལ་ཁ་གཡར་ཏེ། ད་སྐབས་ལྷ་ས་ཁུལ་དུ་ཉེན་རྟོག་པ་དང་དམག་མིའི་གྲངས་འབོར་མང་དུ་གཏོང་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། ཉེན་རྟོག་པ་དང་དམག་མི་དེ་དག་ནི་བོད་མི་ཚོས་རྒྱ་གཞུང་སླར་ཡང་ངོ་རྒོལ་མི་ཡོང་བའི་སྔོན་འགོག་ཆེད་དུ་ཡིན་པ་བོད་མི་གཞན་ཞིག་གིས་འགྲེལ་བརྗོད་གནང་སོང་།
ཡང་ཉེ་ལམ་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་སྔོན་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༩པའི་ཚེས་༢༣ཉིན་བོད་ལྷ་སའི་ཁུལ་དུ་(First Youth Police School)འམ་གཞོན་ནུའི་ཉེན་རྟོག་སློབ་གྲྭ་ཐོག་མ་ཟེར་བ་ཞིག་གསར་འཛུགས་ཀྱིས་སྒོ་ཕྱེ་བའི་གནས་སྤེལ་ཡོད།
གཞན་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)་གས་ཀྱིས། དེ་སྔོན་ཉེན་རྟོག་ཁང་མེད་པའི་བོད་ཀྱི་ས་ཁུལ་སྤྱི་དང་དམིགས་བསལ་བོད་ཀྱི་གྲོང་གསེབ་ས་ཁུལ་ནང་། རྒྱ་ནག་གཞུང་གིས་ད་སྐབས་སྤྱི་ཚོགས་བརྟན་ལྷིང་གི་མིང་ཐོག་ནས་ཉེན་རྟོག་ཁང་བཙུགས་བཞིན་པའི་བྱ་སྤྱོད་ཐད་འགྲོ་བ་མིའི་ཐབ་ཐང་ལྟ་ཞིབ་ཚོགས་པར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་མ་ཟད། དེ་ནི་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་སྔར་ལས་ལྷག་པའི་དམ་དྲག་བྱེད་པའི་སྲིད་ཇུས་ཤིག་ཡིན་པ་ངོས་འཛིན་གནང་གི་ཡོད་པའི་སྐོར་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།