རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ།

དེ་ཡང་ད་ལྟ་ཡུ་རོབ་བྷེལ་ཇམ་དུ་ཡོད་པའི་ས་དཀར་བཀྲ་ཤིས་ལགས་ཀྱིས་ཁོང་ལ་འབྱོར་བའི་ཁུངས་ལྡན་གནས་ཚུལ་ཞིག་འདི་ག་རླུང་འཕྲིན་ཁང་ལ་མཁོ་སྤྲོད་བྱས་པར་གཞིགས་ན།
ཟླ ༡༢ པའི་ཚེས ༡༣ ཉིན། རྒྱ་ནག་གི་བཙོན་འོག་ན་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་ནག་གི་མི་དམངས་ཁྲིམས་ཁང་ཟེར་བའི་མདུན་ལ་སོང་ནས་ངོ་རྒོལ་བྱེད་སྐབས་ས་གནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཉེན་རྟོག་པའི་ལས་ཁང་ནང་བཙན་ཁྲིད་བྱས་ཡོད་པ་མ་ཟད། མ་འོངས་པའི་ཉིན་བཅོའི་རིང་བཀར་ཉར་བྱེད་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག མགོན་པོ་སྐྱིད་ལགས་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱེད་སྐབས་འཛིན་བཟུང་བྱས་ཆོག་པའི་ཡིག་ཆ་སོགས་གང་ཡང་བསྟན་མི་འདུག
མགོན་པོ་སྐྱིད་ལགས་དང་ཆོས་སྐྱོང་ལགས་གཉིས་འཛིན་བཟུང་དང་བཀག་ཉར་བྱས་པའི་གནས་ཚུལ་བོད་ནང་དང་རྒྱ་ནག་ནང་ནས་རྒྱུས་ཡོད་ཞིག་གིས་ས་དཀར་བཀྲ་ཤིས་ལགས་སུ་མཁོ་སྤྲོད་བྱས་འདུག
མགོན་པོ་སྐྱིད་ལགས་ཀྱིས་ཁོང་མོའི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་ཡོང་ཐབས་སུ་ངོ་རྒོལ་ཐེངས་མང་བྱས་ཡོད་ལ། ནམ་རྒྱུན་ལྟར་ན་ཁོང་མོའི་ངོ་རྒོལ་གྱི་ལས་འགུལ་དང་ས་གནས་ཉེན་རྟོག་པས་ཁོང་མོར་གཅར་རྡུང་སོགས་བྱེད་བཞིན་པའི་གནས་ཚུལ་བརྙན་ཐུང་བླངས་ནས་སྤེལ་ཡོད། ཡིན་ནའང་ད་རེས་བརྙན་ཐུང་སོགས་མཐོང་རྒྱུ་མེད་པའི་རྒྱུ་མཚན་ཅི་ཡིན་དྲིས་དུས། ཉེ་ལམ་ལྷ་ས་ས་གནས་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་སུ་རྗེས་ཕྱོགས་ནས་བརྙན་ཐུང་རིགས་སྤེལ་མི་ཆོག་པ་དང་། གལ་ཏེ་ད་དུང་ཡང་སྤེལ་ཚེ་འཛིན་བཟུང་བྱེད་རྒྱུ་ཡིན་ལུགས་བཙན་བཀའ་བཏང་ཡོད་འདུག
ཟླ ༡༢ པའི་ཚེས ༡༣ ཉིན་མགོན་པོ་སྐྱིད་ལགས་བཟའ་ཟླ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐད། འདི་ག་རླུང་འཕྲིན་ཁང་ལ་ཡོང་ཁུངས་གཉིས་པ་ཞིག་གིས་མགོན་པོ་སྐྱིད་དང་ཁོང་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་ལྷ་ས་མི་དམངས་ཁྲིམས་ཁང་གི་མདུན་དུ་ཁོང་མོའི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་ཆད་འབྲེལ་བའི་སྔོན་ཆད་བཞིན་དགོས་འདུན་དོན་ཚན་གསུམ་བཏོན་ནས་ངོ་རྒོལ་བྱེད་སྐབས་ཚེས ༡༣ ཉིན་གྱི་ཉིན་གུང་ཙམ་ལ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་འགྲེལ་བརྗོད་བྱས་སོང་།
མགོན་པོ་སྐྱིད་ལགས་ཀྱིས་ད་ལོའི་ཟླ་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་སུ་རིམ་པ་བཞིན་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་ཀློད་གྲོལ་དང་ཐུག་འཕྲད། དྲང་བདེན་མིན་པའི་ཁྲིམས་ཆད་ལ་བསྐྱར་ཞིབ་བྱེད་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་གྱི་སྐབས་དེ་དག་ཏུ་རྒྱ་ནག་གི་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་སུ་གཅར་རྡུང་དྲག་པོ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་༡༥འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་ཐེངས་མང་ལ་ཡོངས་གྲགས་ངང་ཁོང་ཀློད་གྲོལ་དགོས་པའི་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་༦བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས ༦ ལ་འཛིན་བཟུང་དང་འདྲི་རྩད་གཅར་བརྡུང་ཐེངས་མང་བྱས་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།