སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་དང་རྒྱ་ནག་ལ་ཕོག་ཐུག

2021.01.08
སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་དང་རྒྱ་ནག་ལ་ཕོག་ཐུག སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་དང་རྒྱ་ནག་ལ་ཕོག་ཐུག
ཨེ་ཨེཕ་པི།

ཉེ་ལམ་ཕྱི་ཟླ་༡ ཚེས་༣ ཉིན་རྒྱལ་སྤྱིའི་ཡུལ་གྲུ་གང་སར་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་གནང་ནས་ད་ཆ་གྲངས་བཤེར་གནང་བཞིན་པ་ལྟར། ད་བར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་བྱུང་བའི་ནང་། སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ནི།

སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༢༢༣༢༩དང་

དབུ་དཀར་ཚང་བསྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་༡༢༧༠༨ཡིན་པ།

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་༡༢༣༦༩ཡིན་པ།

ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་སུ་འོས་གྲངས་༨༧༣༤ཡིན་པ།

བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་འོས་གྲངས་༦༣༦ཡིན་པ།

སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་འོས་གྲངས་༡༤༩ཡིན་པ།

བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་༢༦བཅས་ཡིན་པ་རེད་འདུག

དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་ནང་གསལ་ལྟར་ན། སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་ཤོག་མང་ཤོས་ཐོབ་མཁན་གྱི་འོས་མི་གཉིས་དངོས་གཞིའི་འོས་བསྡུའི་ནང་སླེབས་ཀྱི་ཡོད་པ་རེད།

བཙན་བྱོལ་རང་དབང་གི་ལུང་པའི་ནང་བོད་མི་རྣམས་ནས་མང་གཙོའི་ལམ་སྲོལ་ལོངས་སུ་སྤྱོད་པའི་ཐོག་ནས་སྲིད་སྤྱིའི་འོས་བསྡུ་གནང་བཞིན་པ་ལྟར། རྒྱ་ནག་གཞུང་གིས་གོ་ལའི་དུས་བབ་ཀྱི་གསར་ཤོག་ཐོག རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཀྲོའོ་ལི་ཅཱན་ནས་༧གོང་ས་མཆོག་ཚུད་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱེད་པར་རྒྱ་ནག་གི་ཁྲིམས་སྒྲིག་དང་ཆོས་ལུགས་ཀྱི་ཆོ་ག ལོ་རྒྱུས་ཀྱི་གནས་སྟངས་སོགས་དང་བསྟུན་དགོས་པ་བཤད་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་འོས་འདེམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་ཀྱི་མ་རེད་ཅེས་མགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། དེའི་ནང་འོས་བསྡུའི་གྲུབ་འབྲས་ཅི་ཡོང་ལ་མ་ལྟོས་པར། དེས་རྒྱ་ནག་དབུས་གཞུང་གི་བོད་ནང་འཛིན་པའི་སྲིད་བྱུས་དང་། དེ་འབྲེལ་གྱི་གནད་དོན་ཁག་ལ་ཤུགས་རྐྱེན་གང་ཡང་ཡོང་གི་མ་རེད་ཅེས་བྲིས་ཡོད་པ་རེད། དེ་སྐོར་འདི་ག་གསར་ཁང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་ཞུས་པར།སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་དེས་ནུས་པ་འཐོན་གྱི་ཡོད་པ་དང་།རྒྱ་ནག་གཞུང་ལ་ཏག་ཏག་ཕོག་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག།

 

མཆནཿ

གོང་འཁོད་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་འོས་བསྡུའི་ལས་བྱེད་པ་ཁག་ཅིག་གིས་ ༢༠༢༡ ལོའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་མཁོ་སྤྲོད་གནང་པ་ཞིག་ཡིན་ཞིང་། འོན་ཀྱང་ཁོང་ཚོའི་རེ་འདུན་ལྟར་མིང་འབོད་ཞུས་མེད། འདིའི་ནང་མ་འཁོད་པའི་ས་གནས་ཁག་གི་གྲུབ་འབྲས་འཐོན་རིམ་བཞིན་གསར་སྣོན་བྱ་ངེས་ཡིན། ཐུགས་སྣང་དགོས་རྒྱུར་གྲུབ་འབྲས་འདི་ནི་འདི་ག་གསར་ཁང་གི་ཤེས་རྟོགས་གཞིར་བཞག་གི་གྲུབ་འབྲས་ཡིན་པ་ལས། གཞུང་འབྲེལ་གྱི་གྲུབ་འབྲས་ནི་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་གི་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎