༧གོང་ས་མཆོག་ནས་བོ་སི་ཀྲོན་དུ་བོད་མིར་བཀའ་སློབ་བསྩལ་རྒྱུ།
2017.06.23
༄༅། །བོ་སི་ཀྲོན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་རིགས་དང་། དེ་བཞིན་ས་ཁུལ་གཞན་ནས་ཕེབས་པའི་མི་གྲངས་༢༠༠༠ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་རྒྱུའི་མཛད་རིམ་ཆེད་གྲ་སྒྲིག་ཞུ་བཞིན་འདུག
དེ་ཡང་༧གོང་ས་མཆོག་གིས་བོད་རིགས་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་རྒྱུ་དེ་བོ་སི་ཀྲོན་གྲོང་ཁྱེར་དཀྱིལ་གྱི་Sheratonམགྲོན་ཁང་དུ་སྤྱི་ཟླ་༦པའི་ཚེས་༢༥ གཟའ་ཉི་མའི་ཞོགས་པ་ཆུ་ཚོད་༩ ནས་༡༠ བར་དུ་དུས་ཡུན་ཆུ་ཚོད་གཅིག་གི་རིང་བཀའ་སློབ་བསྩལ་གནང་རྒྱུ་ཡིན་ཞིང་། ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ལགས་ཀྱིས་གསུངས་བ་ལྟར་ན། ༧གོང་ས་མཆོག་བཞུགས་གནས་Hyatt Regency མགྲོན་ཁང་གི་ཚོགས་ཁང་ནང་མི་གྲངས་༦༠༠ལྷག་གི་ཤོང་ཚད་ལས་མེད་པ་ཡིན་དུས་Sheraton མགྲོན་ཁང་དུ་མི་གྲངས་༢༠༠༠ལྷག་ཤོང་ཚད་ཡོད་པའི་ཚོགས་ཁང་ཞིག་ཏུ་གོ་སྒྲིག་གནང་བ་ཡིན་ཞེས་ངོ་སྤྲོད་གནང་བྱུང་། བོ་སེ་ཀྲོན་ས་གནས་ཀྱི་བོད་རིགས་སྟོང་ཕྲག་བརྒལ་བ་མེད་དུས། ཨ་རིའི་མངའ་སྡེ་ཁག་གཞན་ནས་བོད་པ་མང་པོ་ཞིག་༧གོང་ས་མཆོག་ཞལ་མཇལ་གསུངས་ཐོས་ཀྱི་རེ་འདོན་གནང་གི་ཡོད་པ་བཞིན་ཕྱི་ནས་ཕེབས་མཁན་ཚོར་དམིགས་ནས་ཚོགས་ཁང་ནང་མི་ཤོང་བའི་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཡིན་པ་དང་། དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བརྒྱུད་དེ་ཉེ་འཁོར་གྱི་མངའ་སྡེའི་གཞན་ཁག་ནས་ཕེབས་པའི་བོད་པ་ཚོར་བསྐལ་བཟང་གི་གོ་སྐབས་ཤིག་ཡོད་པ་བརྡ་ལན་ཕུལ་ཟིན་པ་ངོ་སྤྲོད་གནང་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན་བོ་སི་ཀྲོན་བོད་རིགས་མང་ཚོགས་ལ་བཀའ་སློབ་གནང་རྒྱུའི་མཛད་རིམ་དེ་ཉིན་ཤས་གོང་ནས་བཀའ་བཞེས་ཟབ་མོ་ཐོབ་པ་དེ་གོ་ཐོས་བྱུང་མ་ཐག བོད་རིགས་སྤྱི་འཐུན་ཚོགས་པས་མགྱོགས་མྱུར་ཚོགས་ཁང་གྲ་སྒྲིག་དང་མང་ཚོགས་ལ་གསལ་བསྒྲགས་གནང་བ་སོགས་དུས་ཡུན་ཐུང་ངུ་ཞིག་ནང་༧གོང་ས་མཆོག་མཇལ་ཁ་དང་བཀའ་སློབ་ཞུ་སའི་ལས་དོན་ཁག་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་འཐུད་པ་དང་དྲུང་འཕར་ཀུན་དགའ་བཀྲིས་ལགས་དང་ལྷན་དུ་འཛོམས་ནས་ཚ་ཚ་འུར་འུར་ངང་བསྒྲུབས་ཐུབ་པ་བྱུང་འདུག གཟའ་ཉི་མའི་སྔ་དྲོར་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཕུད་ད་དུང་མཚན་རིག་པ་དང་ལྷན་དུ་ནང་མོལ་ཚོགས་འདུ་ཞིག་ཀྱང་ཡོད་པ་རེད།
༧གོང་ས་མཆོག་ཨ་རིའི་མངའ་སྡེ་མེ་ཎི་སུ་ཊའི་མཛད་འཆར་གྲུབ་རྗེས་གཟའ་སྤེན་པ་ཕྱི་ཚེས་༢༤ ཉིན་རྒྱབ་ཏུ་ཨ་རིའེ་གྲོང་ཁྱེར་བོ་སེ་ཀྲོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།
ད་ལོའི་ཕྱི་ཟླ་དྲུག་པའི་ནང་༧གོང་ས་མཆོག་གི་ཨ་རིའི་མངའ་སྡེ་ཁག་གསུམ་གྱི་ནང་དུས་ཡུན་ཉིན་གྲངས་བཅུའི་མཛད་རིམ་མཐའ་མ་དེ་བོ་སེ་ཀྲོན་དུ་སྐྱོང་གནང་མཛད་རྗེས་རྒྱ་གར་ཕྱོགས་སུ་ཕྱིར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།