མི་གཅིག་འགྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུར་འོས་འགན་ཡོད་ཅེས་བཀའ་བསྩལ་བ།

2023.12.30
མི་གཅིག་འགྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུར་འོས་འགན་ཡོད་ཅེས་བཀའ་བསྩལ་བ། ༸གོང་ས་མཆོག་གིས་དུས་འཁོར་གསུང་ཆོས་རྭ་བའི་ནང་བཀའ་ཆོས་སྩལ་བཞིན་པའི་སྐབས།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་རྭ་བའི་ནང་ཕྱི་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་ཉིན་གཉིས་པ་བཀྲིན་ཆེ་གནང་མཛད་སྐབས། འཛམ་གླིང་འདིའི་ནང་ཡོད་པའི་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མི་གཅིག་འགྱུར་ཡིན་དུས། ཕན་ཚུན་ཆགས་སྡང་ཕྱོགས་རིས་སྤངས་ཏེ་མི་གཅིག་འགྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་འཛམ་གླིང་ནང་ཞི་བདེ་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འོས་འགན་ཡོད། ཅེས་དང་། ང་ཚོ་ཕལ་ཆེ་བ་སངས་རྒྱས་པའི་ཆོས་པ་ཞིག་ཡིན་དུས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་ཐུགས་སྨོན་གནང་སྐབས། སངས་རྒྱས་ཀྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་སྐྱོན་གྱི་རིགས་མཐའ་དག་སྤངས་ཏེ་ཤེས་བྱ་མཐའ་དག་ཁོངས་སུ་ཆུད་པ་ཡིན་དུས། ང་ཚོས་ཀྱང་དེ་ལྟར་གནང་ཐུབ་པ་ཞིག་བྱ་དགོས་ཞེས་བཀའ་བསྩལ་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སྩལ་བའི་ནང་། ང་ཚོས་གཞན་དོན་བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་མ་གྲུབ་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་ཡིན་ན། སེམས་ལ་ཞི་བདེ་ཡོང་རྒྱུ་མ་ཟད་ལུས་པོའི་འཕྲོད་བསྟེན་དང་ཚེ་སྒྲུབ་ཀྱི་མཆོག་དེ་ཡིན། ཞེས་དང་། མགོན་པོ་གང་ཉིད་ཀྱི་ཐུགས་མྱོང་དང་འབྲེལ་ཆོས་ཞུ་བ་རྣམས་ཀྱིས་ཀྱང་དེ་ལྟར་བསྒོམ་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་སོང་།

2023-12-30Bodhgaya-G-18_SA11160.jpg

དེ་རིང་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཞུ་བར་བཅར་མཁན་ཁག་ཅིག་ལ་བཀའ་འདྲི་ཞུས་སྐབས། ཨོ་སི་ཀྲི་ལི་ཡ་ནས་ཡིན་པ་བོད་རིགས་ཀརྨ་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ལན་གསུང་ཆོས་ཞུས་ཐུབ་པ་བྱུང་བ་དེ་བསྐལ་བ་བཟང་པོ་ཞིག་དང་མགོན་པོ་གང་ཉིད་ཀྱི་བཀའ་སློབ་སེམས་ལ་ཟུག་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

Between.jpg

དེ་མཚུངས་ཨོ་སི་ཀྲི་ལི་ཡ་ནས་སཀྲེ་རོག་ལགས་ཀྱིས་གསུངས་དོན་ལ། ང་རང་བོད་བརྒྱུད་ནང་ཆོས་རྗེས་འབྲང་བ་ཞིག་ཡིན་པས། ད་ལན་གནས་མཆོག་རྡོ་རྗེ་གདན་དུ་ཡོང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད། དེ་སྔ་ལོ་མང་པོའི་སྔོན་ངས་༸གོང་ས་མཆོག་ཨོ་སི་ཀྲི་ལི་ཡའི་ནང་མཇལ་མྱོང་ཡོད། ད་ལན་༸གོང་ས་མཆོག་མཇལ་རྒྱུ་བྱུང་བ་དང་གསུང་ཆོས་ཞུས་པ་ཐེངས་གཉིས་པ་དེ་ཡིན་པས་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་ར་ཤི་ཡ་རང་སྐྱོང་མངའ་སྡེའི་ཐུ་པ་ནས་ཡིན་པ་ཕན་བདེ་ལགས་ཀྱིས། ༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་དང་གསུང་ཐོས་པར་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། གང་ཡིན་ཟེར་ན། འདི་ལྟ་བུའི་གསུང་ཆོས་ལོ་མང་སྔོན་ནས་ཞུ་འདོད་ཆེན་པོ་ཡོད་པས། ད་ལན་༧གོང་ས་མཆོག་གི་གསུང་ཆོས་སྐབས་ང་རང་གཞན་ལ་ཕན་ཐོགས་བསྒྲུབ་རྒྱུའི་འདོད་པ་ཆེན་པོ་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

འདི་ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་རྭ་བའི་ནང་དད་ལྡན་ཆོས་ཞུ་བ་ཚོར། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་དངོས་གྲུབ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎