ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་ཆིག་སྒྲིལ་གྱི་སྒོ་ནས་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ།

2021-08-16
Share
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་ཆིག་སྒྲིལ་གྱི་སྒོ་ནས་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་ཆིག་སྒྲིལ་གྱི་སྒོ་ནས་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་སྐབས། ༨།༡༥།༢༡
བློ་བཟང་ཆོས་འཕེལ།/RFA

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དུ་ཆིག་སྒྲིལ་གྱི་སྒོ་ནས་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཞེས་མཉམ་རུབ་ཀྱི་ལས་འགུལ་སྤེལ་སྐབས་བོད་མི་ཁག་ཅིག་མཉམ་ཞུགས་གནང་འདུག
འདི་ཚེས་༡༥་ཉིན་(Black mask HK)་ཞེས་ཧོང་ཀོང་གི་ལས་འགུལ་པ་ཁག་ཅིག་གིས་གོ་སྒྲིག་བྱས་ཏེ། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཝ་ཤིན་ཀྲོན་སྤྱི་གླིང་(Washington Square)་དུ། ད་ལྟ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་གནོན་འོག་ལ་ཡོད་པའི་བོད་དང་ཡུ་གུར་པ། ལྷོ་སོག་པོ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་པ་དང་། འབར་མའི་མང་གཙོ་འཐབ་རྩོད་པའི་ལས་འགུལ་བ་བཅས་མཉམ་འཛོམས་བྱས་ཏེ། རྒྱ་ནག་གཞུང་གིས་ཁོང་ཚོའི་མི་མང་རྣམས་ལ་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་བོད་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་མཉམ་ཞུགས་བྱས་ཡོད་པ་རེད།
ལས་འགུལ་དེའི་ཐོག་གཏམ་བཤད་གནང་མཁན་ཁག་ཅིག་ཡོད་པ་ལས་རྒྱ་རིགས་རྩོམ་པ་པོ་ཁྲིན་པོ་ཁོན་(Chen pokong)་ལགས་ཀྱིས་གཏམ་བཤད་གནང་བར། རྒྱ་ནག་དམར་བོའི་གཞུང་གི་འོག་མི་རྣམས་ལ་རང་དབང་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་མེད་པས། འབྱུང་འགྱུར་༢༠༢༢་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་ལ་འོས་བབས་མེད་པ་གསུངས་ཡོད་པ་རེད།
དེ་བཞིན་ཡུ་གུར་ལས་འགུལ་བ་ཨེ་ཤ་ཧ་སན་ལགས་ཀྱིས་(IIshat Hasan)་ལགས་ཀྱིས། ཁོང་གིས་རྒྱ་ནག་དམར་བོའི་སྲིད་གཞུང་གི་འོག་ནས་བཙན་གནོན་དངོས་སུ་མྱོང་བའི་གནས་ཚུལ་ངོ་སྤྲོད་དང་འབྲེལ་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་རྒྱ་ནག་ནང་ཚོགས་རྒྱུར་འོས་བབས་མེད་པ་དང་དེར་ངོ་རྒོལ་ཡོད་པ་སོགས་གསུངས་ཡོད་པ་རེད།
ཡང་གཏམ་བཤད་གནང་མཁན་གྲས་ཀྱི་བོད་རིགས་ངག་དབང་བཀྲ་ཤིས་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བ་དང་། ད་ལྟ་དམ་དྲག་དྲག་གནོན་འོག་བོད་ནང་གི་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པའི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། ལས་འགུལ་སྤེལ་སའི་གླིང་གའི་ནང་དུ་མི་མང་བོ་ཡོད་པའི་ཁྲོད་ལས་འགུལ་ལ་དོ་སྣང་བྱེད་མཁན་མང་བོ་བྱུང་སོང་།

གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།