རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་བཙན་འཛུལ་རིགས་བྱུང་ན་ཁ་གཏད་གཅོག་རྒྱུའི་གྲོས་འཆམ་བྱུང་འདུག
འདི་ཚེས་༣་རེས་གཟའ་ཕུར་བུའི་ཉིན་(QUAD)་འམ་ཨ་རི་དང་། རྒྱ་གར། ཨོསི་ཊརེ་ལི་ཡ། ཉི་ཧོང་བཅས་ལས་གྲུབ་པའི་མཐུན་ཕྱོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་བར་དྲ་ལམ་བརྒྱུད་མཇལ་འཛོམས་གྲོས་མོལ་གནང་ཡོད་པ་དང་། གྲོས་མོལ་དེའི་ཐོག་དབུ་ཁྲིད་རྣམ་པས། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ད་སྐབས་ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་དེ་འདྲའི་རིགས་བཀག་འགོག་བྱ་རྒྱུའི་སྤྱི་མོས་ཀྱི་གྲོས་འཆམ་བྱུང་ཡོད་ལུགས་ཉི་ཧོང་གི་སྲིད་བློན་(Fumio Kishida)་ལགས་ཀྱིས་གསུངས་གནང་འདུག་ལ། ཨོསི་ཊརེ་ལི་ཡའི་སྲིད་བློན་(Scott Morrison)་ལགས་ཀྱིས། ཡུའུ་ཁུ་རེན་ནང་བྱུང་བཞིན་པའི་གནས་སྟངས་དེ་འདྲ་ང་ཚོས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ནམ་ཡང་མི་ཡོང་བའི་ཤུགས་གནོན་རྒྱག་དགོས་ལ། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཆུང་གྲས་ཚོར་སྟོབས་ཆེན་རྒྱལ་ཁབ་ཀྱི་སྡིགས་ར་དང་ཉེན་བརྡའི་བྱ་སྤྱོད་རིགས་ལ་གདོང་ལེན་ཁ་གཏད་གཅོག་རྒྱུའི་མཆོད་སེམས་བརྟན་ཡོད་པ་གསར་འགོད་བསྒྲགས་བརྒྱུད་གསུངས་འདུག
གོང་གསལ་མཐུན་ཕྱོགས་རྒྱལ་ཁབ་བཞིའི་དབུ་ཁྲིད་རྣམ་པའི་ཟུང་འབྲེལ་གསར་འགོད་བསྒྲགས་གཏམ་ནང་། རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་ཡུལ་ཁག་ནང་། དཔལ་འབྱོར་དང་དམག་དོན་དེ་བཞིན་ཆབ་སྲིད་སོགས་གང་གི་ཐད་ནས་ཕྱི་ཕྱོགས་ཀྱི་བཙན་སྐུལ་འགོག་སྲུང་སླད་མཉམ་སྦྲེལ་གྱི་གདོང་ལེན་བྱ་རྒྱུའི་མཆོད་སེམས་རྟན་ཡོད་པ་ནན་བརྗོད་དང་། རྒྱལ་ཁབ་བཞིའི་དབུ་ཁྲིད་རྣམ་པས། མ་འོངས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་དེ་འདྲའི་གནས་སྟངས་བྱུང་ཚེ། དེར་སྔོན་ཚུད་ནས་གདོང་ལེན་གྲ་སྒྲིག་ཆེད་ངལ་སེལ་མྱུར་སྐྱོབ་ཀྱི་ལས་དོན་དང་འབྲེལ་གཏུགས་ཀྱི་བྱ་རིམ་སྐོར་བཀའ་མོལ་གྲོས་བསྡུར་གནང་འདུག་པ་དང་། རིང་མིན་རྒྱལ་ཁབ་བཞིའི་དབུ་ཁྲིད་རྣམ་པ་ཉི་ཧོང་གི་རྒྱལ་ས་ཀྲོག་ཁུ་ཡོའི་ནང་དངོས་སུ་ངོ་ཐུག་གྲོས་མོལ་མཇལ་འཕྲད་གནང་རྒྱུ་ཡིན་པ་གསལ་འདུག
ཨུ་རུ་སུས་རང་གི་ཁྱིམས་མཚེས་ཡུའུ་ཁུ་རེན་རྒྱལ་ནང་དྲག་པོའི་བཙན་འཛུལ་བྱེད་བཞིན་པའི་གནས་སྟངས་ཀྱི་རྐྱེན་པས། ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཐེ་ཝན་མཚོ་གླིང་རྒྱལ་ཁབ་ནས་རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་དེ་མཚུངས་ཀྱི་དྲག་པོའི་ཚུར་རྒོལ་བྱེད་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་ཡོད་པ་རེད།
(QUAD)་འམ་རྒྱལ་ཁབ་བཞིའི་མཐུན་ཚོགས་དེས་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་རྒྱ་བསྐྱེད་ཏུ་འགྲོ་བཞིན་པར་ཁ་གཏད་གདོང་ལེན་ཆེད་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་མཐུན་ཚོགས་དེར་ཕྱི་འབྲེལ་གྱི་ཐོག་ནས་ངོ་རྒོལ་བྱས་བ་དང་། དེ་ནི་ཨེ་ཤེ་ཡའི་བྱང་ཆིངས་སྒྲིག་འཛུགས་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།