བླ་བྲང་ཨ་ཁུ་འཇིགས་མེད་ལགས་སྨན་ཁང་དུ་ལྷུང་འདུག

2016-12-26
གློག་འཕྲིན།
མཆན།
Share
པར་བཀོད།
འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་བསང་ཆུ་རྫོང་གི་སྨན་ཁང་དུ་ཡོད་པ། ༢༠༡༦།༡༢།༢༦
འཇིཊ་མེད་རྒྱ་མཚོ་འམ་བླ་བྲང་འཇིགས་མེད་མགོ་རིལ་ལགས་བསང་ཆུ་རྫོང་གི་སྨན་ཁང་དུ་ཡོད་པ། ༢༠༡༦།༡༢།༢༦
དགེ་འདུན་ཕུན་ཚོགས།

ཉེ་ཆར་རྒྱ་ནག་གི་བཙོན་ཁང་ནས་བཙོན་གྲོལ་བྱུང་མ་ཐག་པའི་བླ་བྲང་ཨ་ཁུ་འཇིགས་མེད་ལགས་སྨན་ཁང་ནང་ལྷུང་ཡོད་འདུག
དེ་ཡང་འབྲེལ་ཡོད་མི་སྣ་དགེ་འདུན་ཕུན་ཚོགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བ་ལྟར་ན། བླ་བྲང་ཨ་ཁུ་འཇིགས་མེད་ལགས་གློད་གྲོལ་བཏང་བའི་ཉིན་བཅུ་གྲངས་ཤིག་གི་རྗེས་ཏེ་སྤྱི་ལོ་༢༠༡༦ལོའི་ཟླ་༡༡ཚེས་༡༡ཉིན་ཁོང་གཟུགས་གཞིར་བརྟག་དཔྱད་ཆེད་ལན་ཀྲུའུ་གྲོང་ཁྱེར་དུ་ཕྱིན་ཡོད་པ་དང་། དེ་གའི་བརྟག་དཔྱད་ཁང་ནས་རྗེས་སུ་ནད་རྟགས་ཐོན་གསལ་ལྟར་ན། ཟ་ཁུ་གཅིན་སྙི་རྒྱ་སྐད་(糖尿病)དང་། སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བ། མིག་ནད་བཅས་ན་ཚ་ཁག་ཅིག་ངོས་འཛིན་བྱས་འདུག
རྗེས་སུ་རིམ་པས་ཨ་ཁུ་འཇིགས་མེད་ཁོང་གི་མིག་ནང་ཁྲག་བབས་ཏེ་དམར་པོ་གྱུར་བ་དང་། མགོ་ན་བ་སོགས་གཟུགས་ཁམས་ཧ་ཅང་མི་བདེ་བ་སོགས་ལ་བརྟེན་སྤྱི་ལོ་༢༠༡༦་ལོའི་༡༢པའི་ཚེས་༢༦་ཉིན་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་ཅིག་བྱས་རྗེས། སྨན་ཁང་གིས་ན་ཚ་ཚབས་ཆེན་ཡིན་པས་ངེས་པར་སྨན་ཁང་ནང་འདུག་དགོས་ཚུལ་བཤད་པ་ལྟར་ད་ལྟ་རྫོང་སྨན་ཁང་ནང་གནས་སྤོར་བྱས་འདུག
དགེ་འདུན་ཕུན་ཚོགས་ཀྱིས་བརྗོད་དོན། ཨ་ཁུ་འཇིགས་མེད་ཁོང་འཛིན་བཟུང་མ་བྱས་སྔོན་ནད་མེད་བདེ་ཐང་ཡིན་ཡང་། ༢༠༡༡ལོའི་ཟླ་༨་པའི་༢༠་ཉིན་འཛིན་བཟུང་བྱས་ནས་ཟླ་གཉིས་ཀྱི་མཚམས་སུ་གཟུགས་གཞི་མི་བདེ་བའི་གནས་སྟངས་འོག་གོང་རིམ་ལ་ཡང་ཡང་སྨན་པར་བསྟེན་དགོས་པའི་རེ་སྐུལ་བྱས་ཀྱང་། ཟླ་བཞིའི་རྗེས་ནས་མ་གཏོགས་བརྟག་དཔྱད་གང་ཡང་མ་བྱས་པར་དེ་མུར་བཞག་པ་དང་། རྗེས་སུ་བཙོན་པའི་སྨན་ཁང་ནས་བརྟག་དཔྱད་ཅིག་བྱས་པར་ན་ཚ་གཙོ་བོ་གཅིན་སྙི་ཡིན་པར་ངོས་འཛིན་གྱིས་བཙོན་པའི་སྨན་ཁང་ནང་ཟུར་འཇོག་བྱས་ཡོད་པ་རེད།
༢༠༡༦ལོའི་ཟླ་༡༠བའི་ཚེས་༢༦ཉིན་ལོ་ལྔའི་ཁྲིམས་ཆད་དུས་ཡུན་རྫོགས་རྗེས་ཁོང་གློད་གློལ་བཏང་ཡང་། མུ་མཐུད་འགྲོ་འདུག་གི་བྱ་སྤྱོད་སོགས་ལ་སྟངས་འཛིན་ཡོད་པ་སྨོས་མེད་ཐོག ད་དུང་དགོན་པར་སྡོད་པ་དང་གཟན་ཤམ་གྱོན་དབང་མེད་ལ། ལོ་འགའི་སྔོན་ནས་ཁྱེར་བའི་ཐོབ་ཐང་ལག་འཁྱེར་དང་གློག་ཀླད། ཡིག་ཆ་ཁག དེ་བཞིན་སྒོར་ཁུག་སོགས་ཀྱང་ཕྱིར་སྤྲོད་བྱས་མེད། དེའི་ཐད་ཐེངས་གསུམ་ལ་ཅ་དངོས་གལ་ཆེན་དེ་དག་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་ཀྱང་འབྲས་བུ་མ་སྨིན།
དེང་སྐབས་ཁོང་ལ་ཐོབ་ཐང་ལག་འཁྱེར་མེད་ཁར་གར་འགྲོར་སྟངས་འཛིན་ཆེ་བས་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་སོགས་སུ་སྡོད་ཐབས་མེད་པའི་གནས་སྟངས་ཆགས་ཡོད། དེ་བས་ཨ་ཁུ་འཇིགས་མེད་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཐད་ནང་མི་ཉེ་གྲོགས་ཚོས་སེམས་འཚབ་བྱེད་བཞིན་ཡོད་འདུག
དེ་བཞིན་གནས་ཚུལ་ཞིབ་ཕྲ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན་ལ་དེ་སྔ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པ་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པའི་མཛད་འགན་བཞེས་མྱོང་མཁན་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༡ལོའི་ཟླ་༨་པའི་ནང་འཛིན་བཟུང་གིས། རྒྱུན་རིང་གསང་བའི་ངང་བཀག་ཉར་བྱས་རྗེས། རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱེད་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ། མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།
དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་དེ་གསལ་བཤད་བྱས་ཡོད་ལ་སྔ་ཕྱིར་རྒྱ་ནག་གིས་ཐེངས་བཞི་ཙམ་ལ་འཛིན་བཟུང་བྱས་མྱོང་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།