རྒྱ་ནག་དེ་བཞིན་མུ་མཐུད་དུ་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ཁོངས་སུ་ཡོད་པ་སྙན་ཐོའི་ནང་གསལ་འདུག
འདི་ཚེས་༡ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་༢༠༢༢་ནས་༢༠༢༣་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་དེ་བཞིན་ཆོས་དད་རང་དབང་ཐད་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་ལ་རྡོག་རོལ་དང་དམ་དྲག་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་སྐོར་ཐེར་འདོན་གནང་འདུག
ལོ་འཁོར་སྙན་ཐོ་དེའི་རྒྱ་ནག་དང་འབྲེལ་བའི་གནས་སྟངས་ནང་། འདས་པའི་༢༠༢༢ལོར་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་མུ་མཐུད་དུ་ཇེ་སྡུག་དུ་སོང་ཡོད་པར་སྐྱོན་བརྗོད་གནང་ཡོད་པར་མ་ཟད། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་དེ་བཞིན་མུ་མཐུད་ནས་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་སྡུག་ཤོས་ཀྱི་གྲས་དང་། ཆོས་དད་རང་དབང་ཐད་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་གནང་འདུག
སྙན་ཐོ་དང་འབྲེལ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་ལགས་ཀྱིས། ཆོས་དད་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་ཡིན་པ་དང་། ཨ་མི་རི་ཀས་དེའི་ཆེད་དུ་འབོད་སྒྲ་སྒྲོག་དགོས་པའི་འགན་དབང་ཆེན་པོ་ཡོད་པ་ནན་བརྗོད་གནང་ཡོད་ལ། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རུ་སྦི་ཨའོ་གཙོ་པའི་འཐུས་མི་ཁག་ཅིག་གིས་བརྙན་ཐུང་བརྒྱུད་ཆོས་དད་རང་དབང་དང་འབྲེལ་ནས་མནར་གཅོད་གཏོང་མཁན་སྡུག་ཤོས་ཡིན་པའི་རྒྱ་ནག་བརྩིས་བའི་རྒྱལ་ཁབ་དང་ཡུལ་གྲུ་ཁག་གི་བྱ་སྤྱོད་ལ་བློ་འཚབ་ཆེན་པོ་ཡོད་པ་ནན་བརྗོད་གནང་འདུག
ལོ་འཁོར་སྙན་ཐོ་གསར་ཤོས་དེའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཁབ་ཁག་༢༨ཀྱིས་༢༠༢༢ལོའི་ནང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དང་གནས་སྟངས་ལ་ལྟ་ཞིབ་གནང་བའི་རྗེས། ཨ་རི་གཞུང་གི་སྲིད་ཇུས་དང་འབྲེལ་བའི་བསམ་འཆར་བཏོན་གནང་ཡོད་པ་རེད།
ལྷན་ཚོགས་དེས་༡༩༩༩ལོ་ནས་འབྲེལ་ཡོད་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་དེ་བཞིན་ལོ་ངོ་༢༤རིང་ཆོས་དད་རང་དབང་སྡུག་ཤོས་ཀྱི་མིང་ཐོའི་ནང་ཚུད་ཡོད་པ་བརྗོད་འདུག་པ་དང་། ད་རེས་ཀྱི་སྙན་ཐོ་ནང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་ཡུ་གུར་བ་གཙོ་པའི་གྲངས་ཉུང་མི་རིགས་ཚོ་དང་། ཁོང་ཚོའི་ཆོས་ལུགས་སྡེ་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་མི་སྣ་སོགས་ཀྱི་ཐོག་ལ་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱས་པའི་བྱ་སྤྱོད་སོགས་ཐེར་འདོན་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཨ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།