བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་ས་གནས་ཁག་ནང་མུ་མཐུད་དམ་བསྒྲགས་བྱེད་བཞིན་འདུག

2021.03.14
Share on WhatsApp
Share on WhatsApp
བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་ས་གནས་ཁག་ནང་མུ་མཐུད་དམ་བསྒྲགས་བྱེད་བཞིན་འདུག
Photo: RFA

སྤྱི་ཟླ་གསུམ་པ་ནི་རྒྱ་ནག་གཞུང་གིས་བོད་ནང་དུས་ཟིངས་འབྱུང་རྒྱུའི་དོགས་པ་བྱེད་པའི་རྣོ་ངར་གྱི་ཟླ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཕྱི་ཟླ་ ༣ ཚེས་ ༡༣ ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་ཁང་གིས་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཏེ་དྲག་གནོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་ནན་བརྗོད་བྱས་འདུག  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༣ ཚེས་ ༩་ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་གཅིག་གི་ནང་རྒྱ་ནག་གི་དམག་སྟོབས་ངོམ་བཏོན་སྣ་ཚོགས་བྱས་འདུག་ཅིང་། ལྷག་པར་དུ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལྷོ་ཁ་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར། ནག་ཆུ་རྫོང་གྲོང་ཁྱེར་སོགས་ཀྱི་ནང་ཁྲོམ་གཞུང་ཐོག་དྲག་པོའི་སྟོབས་ཤུགས་ངོམ་ཆེད་ལྕི་བའི་མཚོན་ཆ་ལྡན་པའི་དམག་མི་མོ་ཊ་མི་འདྲ་མང་པོ་བསྟར་བསྒྲིགས་དང་། བརྟན་ལྷིང་སྲུང་སྐྱོབ་ཀྱི་དམ་བཅའ་བྱེད་པའི་འདུ་འཛོམས་སོགས་བྱས་ཡོད་པ་རེད།

གཞན་ཡང་ས་གནས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཀོང་པོ་ཁུལ་དུ་མཚོན་ན། གསུམ་བཅུའི་དུས་དྲན་གྱི་སྔ་ནུབ་ཚེས་༩ འི་དགོང་དྲོ་ཀོང་པོ་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གྱུར་བཀོད་འདོམས་འོག་དྲ་རྒྱ་བེད་སྤྱོད་བྱ་ཡུལ་དང་མགྲོན་ཁང་། རོལ་རྩེད་ཁང་སོགས་ས་ཆ་ཁག་ཅིག་ལ་ཞིབ་བཤེར་བྱས་འདུག་ཅིང་། དེ་ནི་བོད་མིའི་རང་དབང་སྒེར་ལངས་ཉིན་མོའི་སྔ་ནུབ་ཏུ་བོད་མིར་འཇིགས་སྐུལ་དང་དྲག་གནོན་གྱི་བྱ་ཐབས་ཤིག་ཡིན་པ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།


སྤྱིར་བཏང་རྒྱུན་དུ་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་པོའི་དཔུང་དམག་དང་སོ་ལྟའི་ཡོ་ཆས་སོགས་བྱེད་སྤྱོད་ཀྱིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་ཁར། ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་དམིགས་བསལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་སྲོལ་ཡོད་ལ། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོའི་ཟླ་༣ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་པའི་མི་རབས་གསར་པས་སྣེ་ཁྲིད་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་སྤེལ་ནས་རིམ་པས་བོད་ས་ཡོངས་སུ་བོད་མི་ཚོས་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། བོད་ཀྱི་ཞིང་འབྲོག་གི་ས་ཁུལ་མང་པོ་ནས་བོད་མི་སྟོང་ཚོ་མང་པོ་མི་འདོད་བཞིན་དུ་གྲོང་དང་གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱེད་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དང་། བརྟན་ལྷིང་སྲུང་སྐྱོབ་ཀྱི་མིང་གི་ཐོག་ནས་བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་རྒྱུར་ཧ་ཅང་གི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད།

ཕྱི་ཟླ་ ༣ ཚེས་༡༣ཉིན་གཞིས་རྩེ་ཁུལ་དུ་བརྟན་ལྷིང་དང་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་ཚོགས་པའི་དྲག་གནོན་གྱི་ཚོགས་འདུའི་ཐོག་རྒྱ་མིའི་དཔོན་རིགས་ཁག་གཅིག་གིས། ཉེ་བའི་དུས་ཚོད་ནང་གི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་ལ་སྲུང་བརྩིའི་ལས་དོན་ཐོག་ཤུགས་གནོན་རྒྱབ་ནས་བོད་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་མཛུབ་སྟོན་ཐོག་བསྐྱོད་དགོས་པ་མ་ཟད། བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་འདི་ལས་དོན་གྱི་ཨང་དང་པོར་ངོས་འཛིན་གྱིས་དགྲ་བོ་ཁ་གཏད་ཀྱི་སྟོབས་ཤུགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གཏོར་བཤིག་གི་ལས་འགུལ་སྣ་ཚོགས་ལ་རྒོལ་རྡུང་དྲག་པོ་གཏོང་དགོས་པ་ནན་བརྗོད་བྱས་འདུག

འདི་ལོ་བོད་ནང་གི་དྲག་གནོན་བྱེད་སྟངས་ལ་གཞིགས་ན་འབྱུང་རྒྱུའི་དུས་ཚོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དམ་དྲག་གི་རང་བཞིན་ཆེ་རུ་གཏོང་རྒྱུའི་རྣམ་པ་མངོན་པ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎