དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག

2024.04.15
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་སྐབས། ༠༤།༡༥།༢༠༢༤
Facebook / Pawo Choyning Dorji

དེང་སྐབས་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་འབྲུག་ཡུལ་ནང་གནས་གཟིགས་དང་ཆོས་འབྲེལ་གྱི་མཛད་འཆར་དུ་མ་ཞིག་སྐྱོང་བཞིན་པ་དང་། འབྲུག་ཡུལ་ནས་(Pawo Choyning Dorji)་ལགས་ཀྱི་སྤྱི་ཚོགས་དྲྭ་ལམ་ངོ་དེབ་ཐོག་སྐུ་པར་དང་བཅས་གནས་ཚུལ་བཀོད་པ་ལྟར་ན། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་དབང་ཕྱུག་རྣམ་གཉིས་དང་ཕྱི་ཟླ་བཞི་པའི་ཚེས་༡༥ཉིན་རྒྱལ་པོའི་བཞུགས་གནས་གླིང་ཁ་ན་ཕོ་བྲང་(Lingkana Palace)་དུ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་། ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེའི་གསང་ཡུམ་བཅས་ལྷན་དུ་ཡོད་འདུག

Sakya Gongma Trichen in bhutan (1).jpg
ཕྱི་ཟླ་བཞི་པའི་ཚེས་༩ཉིན་འབྲུག་ཡུལ་གྱི་སྤ་རོའི་གནམ་ཐང་དུ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་ཕེབས་འབྱོར་སྐབས་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུ་འཁོར་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། ཕྱི་ཚེས་༡༠ཉིན་ཞེ་ཆེན་ཐེག་མཆོག་ཆོས་ཀྱི་དགའ་ཚལ་དུ་ཕེབས་སྐབས། ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་མཆོག་དང་། སྐུ་ཞི་བར་གཤེགས་པ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་སྲས་མོ་དང་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་མ་ཡུམ་ཡིན་པ་སྲས་མོ་འཆི་མེད་དབང་མོ་ལགས། མཁན་པོ་ངག་དབང་རྒྱ་མཚོ་ལགས་དང་ཞེ་ཆེན་དགོན་པའི་གྲྭ་བཙུན་རྣམས་ནས་ཕེབས་བསུ་ཞུས་པའི་རྗེས། མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བ་མ་ཟད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སྐུ་གདུང་མཆོད་རྟེན་མདུན་དུ་ཚོགས་འཁོར་གནང་ཞིང་། རྒྱལ་བ་ཞེ་ཆེན་པའི་གྲྭ་བཙུན་པ་རྣམས་དང་སྦྱིན་བདག་རྣམས་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་བསྒོ་བྱིན་རླབས་སྩལ་ཡོད་པ་རེད་འདུག
ད་དུང་འབྲུག་གི་རྒྱལ་ས་ཐིམ་ཕུག་ནང་ཆགས་པའི་ཐང་སྟོང་བདེ་བ་ཅན་བཙུན་དགོན་དུ་ཆོས་འབྲེལ་གནང་བ་སོགས་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་ཡིས་ད་རེས་བཙན་བྱོལ་ནས་འབྲུག་ཡུལ་དུ་ཆོས་འབྲེལ་དུ་ཕེབས་པ་ཐེངས་དང་པོ་ཡིན་པ་རེད་འདུག
ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་འབྲུག་ཡུལ་དུ་ཐོག་མར་འབྱོར་སྐབས་འབྲུག་ཡུལ་དེ་བཞིན་དོན་དངོས་ཐོག་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་པའི་ཚོར་སྣང་དམིགས་བསལ་ཞིག་བྱུང་བ་གསུངས་འདུག འབྲུག་ཡུལ་ནི་རང་དབང་རང་བཙན་ལྡན་པའི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། མི་འབོར་བརྒྱ་ཆ་༨༠བརྒལ་བའི་ཆོས་ལུགས་ནང་པ་ཡིན་ཞིང་། ཆོས་ལུགས་གཞན་ལ་དད་པ་བྱེད་མཁན་ཡང་ཡོད་འདུག་ལ་ཡུལ་དེར་མི་འབོར་ཁྱོན་བསྡོམས་འབུམ་བརྒྱད་ཙམ་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎