བོད་ཀྱི་མང་གཙོ་དུས་ཆེན་ཉིན་བོད་མི་གཉིས་ཀྱིས་མ་འོངས་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་གསལ་བསྒྲགས་སྤེལ་སོང་།
2020.09.02
བོད་ཀྱི་མང་གཙོ་དུས་ཆེན་ཉིན་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་གཉིས་ཀྱིས་སོ་སོར་མ་འོངས་སྲིད་སྐྱོང་གི་འོས་མིར་ལངས་རྒྱུའི་གསལ་བསྒྲགས་གནང་སོང་།
ད་སྟ་སུད་སིར་བཅའ་བཞུགས་གནང་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། སྤྱི་ལོ་ ༢༠༢༡་ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་སྤྱི་ཟླ་དགུ་པའི་ཚེས་གཉིས་ཉིན་དྲ་ལམ་བརྒྱུད་གནང་ཡོད་པ་དང་། ཁོང་གིས། གལ་སྲིད་ཁོང་མི་མང་གིས་མ་འོངས་སྲིད་སྐྱོང་ལ་འོས་འདེམས་གནང་བ་ཡིན་ན། ལས་དོན་ཆེན་པོ་ལྔ་ཐོག་ཤུགས་གནོན་དང་འབད་བརྩོན་གནང་རྒྱུ་ཡིན་པའི་འཆར་གཞི་བསྒྲགས་འདུག དེ་དག་ནི་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་གོང་འཕེལ་བཏང་བའི་རྨང་གཞིའི་འོག བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་དེང་རབས་ཅན་ལ་སྣེ་ཁྲིད་གསར་གཏོད་ཀྱི་ལམ་ནས། ད་ལྟ་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོར་དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་གོང་འཕེལ། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་རྣམས་ཉམས་པ་སོར་ཆུད་མི་ཉམས་གོང་སྤེལ་ཡོང་ཐབས་ལ་སྔར་ལས་ལྷག་པའི་འབད་རྩོན་ཞུ་རྒྱུ། བཙན་བྱོལ་བོད་མི་རྣམས་འཚོ་སྡོད་གནང་ཡུལ་གཞིས་ཆགས་ཁག་སྲ་བརྟན་ཕུགས་འཕེལ་ཡོང་སླད་འཆར་གཞི་འཐུས་སྒོ་ཚང་བའི་ཐོག་དཔལ་འབྱོར་མཁོ་སྒྲུབ་སོགས་དམིགས་ཡུལ་ཆེན་པོ་ལྔའི་རྨང་གཞིའི་འོག རྒྱལ་ཁབ་གཅིག མི་རིགས་གཅིག ༧གོང་ས་མཆོག་གི་དབུ་འཁྲིད་འོག་གོང་བུ་གཅིག་བསྒྲིལ་ལ་ཤུགས་གནོན་སྐྱོན་རྒྱུ་དེ་གཡོལ་ཐབས་མེད་པའི་འོས་འགན་གསུམ་ཡིན་ཅེས་ངོ་སྤྲོད་ནང་བཀོད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྐལ་རྡོར་ལགས་སུ་ཐད་ཀར་བཅར་འདྲི་ཐབས་ཤེས་བྱས་ཀྱང་ཁོང་གིས་སྤྱི་ཟླ་དགུ་པའི་ཚེས་༡༩་བར་བཅར་འདྲི་སོགས་དང་ལེན་གནང་རྒྱུ་མིན་པ་ལན་འདེབས་གནང་བྱུང་།
དེ་བཞིན་ཡང་ཉིན་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་དྲ་ལམ་ཐད་གཏོང་བརྒྱུད། ཁོང་གི་མི་ཚེ་ནང་བོད་སྤྱི་བའི་སྤྱི་དོན་རང་ལ་ཞབས་ཞུ་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། སྲིད་སྐྱོང་གི་ལས་གནས་ཐོག་ཞུགས་པ་ཡིན་ན་ལས་དོན་ཕན་ནུས་ཆེ་བ་ཡོང་རྒྱུ་ཡིན་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ནའི་བབ་དང་བསྟུན་གང་ཉིད་ཀྱི་དགོངས་གཞི་ཁག་སྒྲུབ་ཐབས་སུ་རང་འཁྲི་འགན་འཁུར་དགོས་པ་དང་། རང་གི་ལོ་ནའི་བབ་དང་། ཉམས་མྱོང་སོགས་ལ་གཞིགས་ཏེ་རྒྱུས་མངའ་གང་འཚམས་ཡོད་པའི་ཐོག་སྲིད་སྐྱོང་གི་ལས་འགན་ཐུབ་པའི་ཡིད་ཆེས་དང་སྤོབས་པ་ལྡན་ཞིང་། འགན་འཁུར་ནས་ནུས་པ་འདོན་རྒྱུའི་དུས་ལ་བབས་ཡོད། དེ་བས་མི་མང་གིས་རྒྱབ་སྐྱོར་བྱས་ནས་མ་འོངས་སྲིད་སྐྱོང་ཐོབ་པ་ཡིན་ན། སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོས་བཅས་དམ་བཅའ་གསུམ་གྱི་ཐོག་ནས་ལས་འཁུར་ཞུ་རྒྱུ་ཡིན་པ་སོགས་ཆུ་ཚོད་གཅིག་ལྷག་གི་གཏམ་བཤད་དང་མཉམ་མ་འོངས་༢༠༢༡་ལོའི་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་ཡིན་པ་གསལ་བསྒྲགས་གནང་སོང་།
དེ་བཞིན་ཡང་ཡིག་ཐོག་ནས་ཤོག་ངོས་ལྔ་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། སྲིད་སྐྱོང་གི་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་དྲུག་དང་། མི་ལོ་༣༠་ལྷག་རིང་སྲི་ཞུ་ཞབས་འདེགས་ཞུ་བའི་ཉམས་མྱོང་དོན་ཚན་དགུ བར་ལམ་གྱི་གནས་སྟངས་དོན་ཚན་དྲུག ཁོང་གི་ཆབ་སྲིད་དང་འཛིན་སྐྱོང་རིག་ལམ་དོན་ཚན་དྲུག དེ་བཞིན་འོས་བསྡུ་ཆེན་མོའི་སྐབས་ཀྱི་བསམ་པའི་ཁྱེར་སོ་དོན་ཚན་བཅུ་བཅས་ལ་དབྱེ་ནས་རྒྱས་བཤད་བྱས་འདུག་ལ། དེའི་ནང་། སྤྱི་སྙོམས་དྲང་བདེན་ནི། ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་ཡོངས་སུ་རྫོགས་པའི་དམ་བཅའ་གཙོ་བོ་དེ་ཡིན་པ་དང་། སྲིད་ཇུས་དང་ལས་འཆར་ཚང་མ་དམ་བཅའ་འདི་ལས་མ་བརྒལ་བར་འཆར་སྒྲིག་ལག་བསྟར་ཞུ་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་གཞི་ཁག་བརྩི་བཀུར་ཉམས་ལེན་བརྒྱུད། འཛིན་སྐྱོང་གི་བྱེད་སྒོ་རྣམས་ས་ཕྱོགས་ལྷུང་ཕྱོགས་འཐེན་འཁྱེར་མེད་པ་དང་། ཕྱི་གསལ་ནང་གསལ། གྲུབ་འབྲས་གཙིགས་འཛིན། དྲང་པོ་དྲང་བཞག་ཡོང་བ་ཞུ་རྒྱུ་དེ་ཡིན།
གཉིས་ནུས་པ་མཉམ་སྤུངས་ནི། དམིགས་ཡུལ་མངོན་འགྱུར་ཡོང་བའི་ཐབས་ལམ་གཙོ་བོ་དེ་ཡིན་པ་དང༌། ང་ཚོ་གནད་དོན་ཆུང་ཙག་ལ་ནང་ཁུལ་རྩོད་རེས་བྱས་ཏེ་གོང་བུའི་ནུས་པ་ཉམས་ཆག་ཕྱིན་ན། དེའི་གྱོང་གུན་ཕོག་མཁན་ང་ཚོ་རང་ཉིད་ཡིན་པ་མཁྱེན་དགོས་པ་དང་། མི་རེ་རེར་ལངས་ཕྱོགས་དང་བསམ་ཚུལ་མི་མཐུན་པ་ཡོང་ངེས་ཡིན་པ་དང་། དེ་ལྟར་ཡོང་ཆོག་གི་ཡོད་ནའང་། ང་ཚོར་མི་རིགས་ངོས་འཛིན་གྱི་ཐུན་མོང་གི་ལྟ་བ་ཞིག་ཡོད་པ་དེ་རྨང་གཞིར་བཟུང་སྟེ། བོད་ཀྱི་རྩ་དོན་ཐོག་མི་རེ་ངོ་རེའི་ནུས་པ་སྤུངས་ཐུབ་པ་ཡིན་ན། ཆུ་ཐིགས་ བསགས་པའི་རྒྱ་མཚོའི་དཔེ་བཞིན་འབྲས་བུ་འཐོན་རྒྱུ་ཡིན་པས། ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལས་གཞི་ཡོད་དོ་ཅོག་ལ་བོད་ཀྱི་ཡུལ་མི་ཚང་མའི་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་ནས་གྲུབ་འབྲས་ཐོན་པའི་འབད་བརྩོན་གང་ཡོང་ཞུ་རྒྱུ།
གསུམ་པ་གོམ་པ་མདུན་སྤོས་ནི་དམིགས་ཡུལ་ལྟེ་བ་དེ་ཡིན། ང་ཚོས་འདས་ཟིན་པའི་ཉམས་མྱོང་ལས་བསླབ་བྱ་ལེན་དགོས་པ་དང་། ང་ཚོས་འཐུས་ཤོར་དང་ནོར་འཁྲུལ་བྱུང་བ་རྣམས་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་དུ་བསྒྱུར་རྒྱུའི་ཐབས་ཤེས་བསྟེན་དགོས་པ་ལས། གོམ་པ་ཕྱིར་བཤིག་བྱེད་ཐབས་མེད། ང་ཚོས་རྒྱལ་སྤྱི་དང་རྒྱ་ནག་ གི་འཕེལ་འགྱུར་དང་བསྟུན་པའི་བོད་དོན་བདེན་མཐའ་གསལ་བའི་ཐབས་ཇུས་འཆར་སྒྲིག་བྱེད་དགོས་དང་། བོད་ཁྱོན་ཡོངས་ཀྱི་གནས་སྟངས་དང་། དེ་བཞིན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་བོད་མི་གནས་ སྡོད་བྱ་ཡུལ་རྒྱལ་ཁབ་ཁག་གི་འགྱུར་འགྲོས་དང་བསྟུན་པའི་གོམ་པ་མདུན་སྤོས་བྱེད་ཐུབ་པ་ཡིན་ན། བོད་མི་རྣམས་དུས་རབས་ ༢༡ ་པ་འདིའི་ནང་མི་རིགས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཐུབ་པའི་ཐོག བོད་ཀྱི་ཆོས་དང་རིག་གཞུང་གི་ལེགས་ཆ་རྣམས་ཀྱིས་འགྲོ་བ་མི་སྤྱི་ཡོངས་ལ་ཕན་ཐོགས་བསྐྲུན་རྒྱུའི་དམིགས་ཡུལ་སྒྲུབ་པ་ལའང་མཐུན་འགྱུར་བྱེད་ཐུབ་སོགས་བཀོད་འདུག
སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐབས་གཉིས་གནང་མྱོང་ཡོད་པ་དང་། གཞན་ཡང་ཁོང་གིས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་གནང་ཡོད་པ་རེད།