སྲིད་སྐྱོང་མཆོག་མཚོ་པདྨར་ཕེབས་འབྱོར་གྱིས་མུ་མཐུད་དུ་ཕྱོགས་བསྐྱོད་གཟིགས་ཞིབ་གནང་བཞིན་འདུག
ཉེ་ལམ་སྤྱི་ཟླ་༥པའི་ཚེས་པ་༩ནས་བཟུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིམ་ལ་དང་ཀུ་ལུ་མ་ནཱ་ལི་སོགས་སུ་ཕྱོགས་བསྐྱོད་གཟིགས་ཞིབ་གནང་ཡོད་པ་མ་ཟད། རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Sukhvinder Singh Sukhu)་ལགས་དང་། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་བཅས་ལ་མཇལ་འཕྲད་གནང་འགྲུབ་ཡོད་པ་དང་བསྟུན། སྤྱི་ཟླ་༥པའི་ཚེས་༡༥ཉིན་ཧི་མ་ཅལ་མངའ་སྡེའི་ནང་གི་གནས་ཆེན་མཚོ་པདྨ་ལ་འབྱོར་ཏེ། སྤྱི་ཚེས་༡༦ཉིན་གནས་གཟིགས་དང་མི་མང་ལ་མཇལ་འཕྲད་ལམ་སྟོན་གནང་རྒྱུ་དང་ཆབས་ཅིག་ཏུ། སྤྱི་ཚེས་༡༧ཉིན་བཞུགས་སྒར་དུ་ཕྱིར་ཕེབས་ཀྱི་ལམ་ཞོར་དུ། བཀྲ་ཤིས་ལྗོངས་ས་གནས་སུ་གཟིགས་ཞིབ་དང་མི་མང་ལ་མཇལ་འཕྲད་སོགས་ཀྱི་ལས་འཆར་བསྒྲིགས་ཡོད་པ། སྲིད་སྐྱོང་མཉམ་དུ་ཆེད་བཅར་གནང་མཁན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཉེ་ལམ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་དང་མཇལ་མོལ་གྱི་སྐབས། མངའ་སྡེའི་ནང་འཁོད་བོད་མིའི་གཞིས་ཆགས་ཁག་ཏུ་ཤིང་ནགས་དང་ཁྲལ་འབབ། ས་ཆའི་དཀའ་ངལ་འཕྲད་པ་སོགས་ལ་སྙན་སེང་ཞུས་ཡོད་པར། མངའ་སྡེའི་སྲིད་སྐྱོང་ནས་ཉན་ཞིབ་ཡག་པོ་གནང་སོང་བ་དང་། སྲིད་སྐྱོང་མཆོག་ས་གནས་ཁག་ནང་དངོས་སུ་བཅར་ནས་གཟིགས་ཞིབ་ཧ་ཅང་ཡག་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
སྤྱི་ཟླ་༥པའི་ཚེས་༡༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱི་སྐབས། བོད་ནང་གི་ཛ་དྲག་གནས་སྟངས་དང་། འབྱུང་འགྱུར་རྒྱ་ནག་དེ་བཞིན་རྒྱ་གར་ཐེ་བའི་ཨེ་ཤེ་ཡ་དང་འཛམ་གླིང་སྤྱི་ལ་ཉེན་ཁ་ཆགས་རྒྱུ་ཡིན་པ་སོགས་ཀྱང་སྙན་སེང་ཞུས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།