སྲིད་སྐྱོང་མཆོག་རྒྱ་གར་གཞུང་གི་དཔོན་རིགས་དང་མཇལ་འཕྲད་གྲུབ་རྗེས་རྡ་སར་ཕྱིར་ཕེབས་ཟིན་པ།

2021-06-23
Share
སྲིད་སྐྱོང་མཆོག་རྒྱ་གར་གཞུང་གི་དཔོན་རིགས་དང་མཇལ་འཕྲད་གྲུབ་རྗེས་རྡ་སར་ཕྱིར་ཕེབས་ཟིན་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ༦།༢༣།༢༡
RFA

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་རྒྱལ་ས་ལྡི་ལིར་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་གར་གཞུང་དང་འབྲེལ་བ་དམ་ཟབ་ཡོང་ཆེད་ཡིན་པ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་ཟིན་ཞིང་། ཚེས་༢༡་དང་༢༢་སོ་སོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་ལ་སྲིད་སྐྱོང་གསར་པའི་ངོས་ནས་རྒྱ་གར་གཞུང་ལ་ཐུགས་རྗེ་ཞུ་རྒྱུ་དང་། གནད་དོན་ཁག་ཅིག་ཐོག་གྲོས་བསྡུར་ཞུ་ཆེད་རྒྱ་གར་གཞུང་གི་དཔོན་རིགས་ཆེ་ཁག་ལྔ་ཙམ་དང་མཇལ་འཕྲད་གནང་ཡོད་པ་རེད།
ཕྱི་ཚེས་ ༢༣ ཉིན་རྡ་སའི་གནམ་ཐང་དུ་ཕེབས་འབྱོར་སྐབས་གསར་འགོད་པར། སྲིད་སྐྱོང་མཆོག་གིས། ཁོང་གི་ཕྱོགས་བསྐྱོད་ཐོག་མ་དེ་རྒྱལ་ས་ལྡི་ལིར་གནང་པའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་གར་གཞུང་དང་འབྲེལ་བ་དམ་ཟབ་ཡོང་ཆེད་ཡིན་པ་དང་། རྒྱ་གར་གཞུང་དང་མི་དམངས་ནི་ང་ཚོའི་བོད་མི་ཚང་མར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པར་མ་ཟད། རྒྱ་གར་གཞུང་མེད་ན་ང་ཚོ་བཙན་བྱོལ་ནང་གནས་ཐབས་མེད་པ་ཡིན་སྟབས། བཀའ་དྲིན་ཆེ་ཞུ་ཞོར་དཔོན་རིགས་ཁག་ཅིག་ལ་མཇལ་འཕྲད་ཀྱིས་གནད་དོན་ཁག་ཅིག་གོ་བསྡུར་ཞུ་ཆེད་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་དཔོན་རིགས་དེ་དག་མཇལ་འཕྲད་སྐབས་ལྷན་བཅར་ཞུ་མཁན་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གནད་ཡོད་དཔོན་རིགས་མི་འདྲ་བ་ལྔ་ཙམ་དང་མཇལ་འཕྲད་གནང་ཡོད་པ་དང་། མཇལ་འཕྲད་དེ་དག་ཧ་ཅང་གི་ཡག་པོ་བྱུང་ཞིང་། སྲིད་སྐྱོང་མཆོག་གིས་ཁོང་གི་མ་འོངས་པའི་ལས་འཆར་ཁག་འབྲེལ་ཡོད་དཔོན་རིགས་སོ་སོར་སྙན་སེང་ཞུས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
འོན་ཀྱང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་དཔོན་རིགས་བྱེ་བྲག་པ་སུ་དང་མཇལ་འཕྲད་གནང་ཡོད་མིན་ད་ལྟའི་སྐབས་གསལ་བཤད་མ་གནང་ན་དགེ་མཚན་ཆེ་བ་ཡོད་པ་གསུངས་པ་དང་། ད་ཆ་རྒྱ་གར་གཞུང་གི་དཔོན་རིགས་དང་མཇལ་འཕྲད་གྲུབ་ཟིན་སྟབས། རིམ་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་གནང་རྒྱུ་དགོངས་བཞེས་གནང་བཞིན་ཡོད་པ་གསུངས་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སྲིད་སྐྱོང་གསར་པའི་དམ་འབུལ་བཞེས་ཤིང་། དུས་ཡུན་ཟླ་བ་གཅིག་མ་ཟིན་ཙམ་དེའི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་འགོས་ཁྱབ་དང་འབྲེལ་བའི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་གནང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དབར་འབྲེལ་ལམ་བཟང་དུ་གཏོང་ཐབས་སོགས་ཀྱི་ཐད་ལས་དོན་མང་དག་ཞིག་སྤེལ་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།