ནང་སྲིད་ལས་ཁུངས་ལ་ཁྲིམས་མཐུན་གྱི་ཆོག་མཆན་མ་རག་བར་དུ་བོད་མི་ཚོར་རྡ་སའི་ཁུལ་དུ་ས་ཁང་གི་མཐུན་རྐྱེན་སྤྲོད་མི་ཐུབ་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག

2023.09.07
ནང་སྲིད་ལས་ཁུངས་ལ་ཁྲིམས་མཐུན་གྱི་ཆོག་མཆན་མ་རག་བར་དུ་བོད་མི་ཚོར་རྡ་སའི་ཁུལ་དུ་ས་ཁང་གི་མཐུན་རྐྱེན་སྤྲོད་མི་ཐུབ་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྡ་སའི་ས་གནས་མང་ཚོགས་ལ་གསུངས་བཤད་གནང་བཞིན་པ། ༠༩།༠༧།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༩པའི་ཚེས་༤ནས་༧ བར་ཉིན་གྲངས་བཞིའི་རིང་། རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་བོད་མིའི་སློབ་གྲྭ་དང་། དགོན་སྡེ་གྲྭ་ཚང་། དེ་བཞིན་ཚོགས་སྡེ་ཁག་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་བཞིན། འཚམས་གཟིགས་ཉིན་མཐའ་མ་ཚེས་༧ཉིན་གྱི་ཕྱི་དྲོར། རྡ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་གསར་པའི་ནང་། སྲིད་སྐྱོང་མཆོག་གིས། ས་གནས་མང་ཚོགས་ལ། འདས་པའི་ལོ་གཉིས་དང་ཕྱེད་ཀ་ལྷག་རིང་བཀའ་ཤག་སྐབས་༡༦པའི་ལས་དོན་བྱེད་ཕྱོགས་དང་། མ་འོངས་མདུན་བསྐྱོད་སོགས་དང་འབྲེལ་བའི་གཏམ་བཤད་གནང་བའི་ནང་། སྲིད་སྐྱོང་མཆོག་གིས་ལས་ཁུར་དམ་འབུལ་ཞུས་པའི་རྗེས། ཟླ་བ་གསུམ་ལྷག་རིང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ཕྱག་ལས་གནང་ཕྱོགས་ཐད་དམིགས་བསལ་ཤུགས་གནོན་བརྒྱབ་ཡོད་པ་དང་། ད་ལྟའི་ཆར་བཀའ་ཤག་གི་ངོས་ནས་སྒྲུབ་དགོས་པའི་ལས་དོན་གལ་ཆེ་ཤོས་ཤིག་ནི། གཞིས་ཆགས་སྲ་བརྟན་དུ་གནས་ཐབས་བྱེད་རྒྱུ་དེ་ཡིན་པ་དང་། ས་ཁང་མེད་པའི་བོད་མི་ཚོར་གཞིས་ཆགས་ཁག་ཏུ་གནས་སྤོས་བྱེད་རྒྱུའི་ལས་འཆར་སྒྲིག་བཞིན་ཡོད། འོན་ཀྱང་། རྡ་རམ་ས་ལའི་ཁུལ་དུ་ས་ཆའི་དཀའ་ངལ་ཡོད་པའི་ཁར། བོད་མི་༥༠༠ལྷག་གིས་ཁུལ་དེར་ས་ཁང་དགོས་པའི་ཐོ་འགོད་བྱས་འདུག་པ་མ་ཟད། དཀའ་ངལ་དེ་དག་སེལ་ཐབས་ཞུས་ཀྱང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ཧི་མ་ཅལ་མངའ་སྡེའི་ནང་ཁྲིམས་མཐུན་གྱི་ས་ཆ་ཉོ་རྒྱུའི་ཆོག་མཆན་མེད་པར་བརྟེན། འབྱུང་འགྱུར་ནང་སྲིད་ལས་ཁུངས་ལ་ཁྲིམས་མཐུན་གྱི་ཐོག་ནས་ས་ཆ་ཉོ་རྒྱུའི་ཆོག་མཆན་མ་རག་བར་དུ་བོད་མི་ཚོར་རྡ་རམ་ས་ལའི་ཁུལ་དུ་ས་ཁང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་རྒྱུའི་གནས་བབ་མེད་ཅེས་གསུངས་གནང་སོང་།

Sikyong penpa tsering (2).JPG
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༢༠༢༡ལོའི་སྤྱི་ཟླ་༥པའི་ནང་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུས་པ་ནས་བཟུང། བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་བོད་མི་འདུས་སྡོད་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། འདས་པའི་ལོ་གཉིས་དང་ཕྱེད་ཀ་ལྷག་རིང་། བལ་ཡུལ་དང་འབྲུག་ཕུད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཧ་ལམ་ཆ་ཚང་ནང་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཟིན་ཡོད་པ་རེད།
བཞུགས་སྒར་ཁུལ་དུ་འདི་ཚེས་༧རེས་གཟའ་ཕུར་བུའི་ཉིན། བོད་ཀྱི་སྨན་རྩིས་ཁང་དང་། ཞ་ལུ་དགོན་པ། ཤུག་གསེབ་དགོན་པ། འཇམ་དབྱངས་ཆོས་གླིང་། ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་བཅས་སུ་གནས་གཟིགས་སུ་ཕེབས་པའི་རྗེས། རྡ་ས་ས་གནས་མང་ཚོགས་དང་མཇལ་འཕྲད་ཀྱིས། གསུང་བཤད་གནང་བའི་སྐབས་། བཀའ་ཤག་སྐབས་༡༦པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་སླད་མུ་མཐུད་དུ་འབད་བརྩོན་གནང་མུས་ཡིན་པ་གསུངས་ཤིང་། ད་ལྟའི་ཆར་བཙན་བྱོལ་བོད་མི་སྒེར་སོ་སོའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ཀྱང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཡར་རྒྱས་ཡོང་བར་ཚང་མ་མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པ་གལ་ཆེན་ཡིན་ཞེས་དང་། ད་ལྟའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སེལ་དགོས་པའི་དཀའ་ངལ་དཀའ་ཆེ་ཤོས་ཤིག་ནི། བཙན་བྱོལ་བོད་མིའི་མི་འབོར་ཉུང་དུ་སོང་ནས་བོད་མིའི་རུབ་སྡོད་གཞིས་ཆགས་དེ་དག་ཁ་ཐོར་དུ་འགྲོ་བཞིན་ཡོད་པ་དེ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་འདས་པའི་ཉིན་གྲངས་བཞིའི་རིང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྡ་ས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ། བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ཤེས་རབ་དགའ་ཚལ་གླིང་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྒྲོལ་མ་གླིང་། འཆི་མེད་དགའ་ཚལ་གླིང་། ཇོ་ནང་དགོན་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྙིང་སྟོབས་གླིང་། རྒྱུད་སྟོད་དགོན་པ། གྷོ་པལ་སྤུར་བོད་ཁྱིམ་སློབ་གྲྭ། ཅ་མུན་ཌ། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ། བྱམས་པ་གླིང་རྒས་གསོ་ཁང་། གཏོང་ལེན་སློབ་གྲྭ བཙུན་དགོན་དགེ་ལྡན་ཆོས་གླིང་སོགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎