སྲིད་སྐྱོང་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་འདུག

2021-10-26
Share
སྲིད་སྐྱོང་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang)་ལགས་དང་མཇལ་མོལ་གནང་སྐབས། ༡༠།༢༦།༢༡
SPT@facebook

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཟླ་བ་འདིའི་ཕྱི་ཚེས་༡༩་ནས་རྒྱ་གར་བྱང་ཤར་ཁུལ་དུ་བཙན་བྱོལ་བོད་མི་གནས་ཡུལ་ཀ་རྡོར་སྒང་གསུམ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། འདི་ཚེས་༢༦་འཚམས་གཟིགས་ཀྱི་ཉིན་མཐའ་མར། སྲིད་སྐྱོང་མཆོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Prem Singh Tamang)་ལགས་ཀྱི་བཞུགས་གནས་སུ་ཆེད་ཕེབས་ཀྱིས་མཇལ་མོལ་གནང་འདུག
མཇལ་མོལ་དེའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པའི་བཅར་འདྲིའི་སྐབས་གསུངས་ན། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དེ་སྔ་བཞུགས་སྒར་རྡ་རམ་སཱ་ལར་ཕེབས་མྱོང་བ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་དང་བཅས། མགོན་པོ་གང་ཉིད་འབྲས་ལྗོངས་མངའ་སྡེར་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཞུས་ཡོད་ཀྱང་རྗེས་སུ་ཏོག་དབྱིབས་ནད་ཡམས་སོགས་ཀྱི་རྐྱེན་དེ་ལྟར་བྱུང་མེད་སྟབས་མ་འོངས་བར་༧གོང་ས་མཆོག་ཆིབས་བསྒྱུར་ཐད་ལས་དོན་མཇུག་སྐྱོང་ཡོང་རྒྱུར་བཀའ་མོལ་བྱུང་བར་སྲིད་སྐྱོང་མཆོག་གིས་དེ་འབྲེལ་གྱི་ལས་དོན་མཇུག་སྐྱོང་གནང་རྒྱུ་ཁས་ལེན་གནང་བ་དང་། གཞན་ས་གནས་བོད་མི་རྣམས་ཀྱི་བདེ་སྡུག་གནས་སྟངས་ཐད་བཀའ་མོལ་གནང་བ་དང་། ལྷག་པར་དུ་རང་ཝང་ལ་བོད་མིའི་གཞིས་ཆགས་ཁུལ་དུ་གཞུང་ལམ་ཡག་པོ་མེད་པའི་དཀའ་ངལ་སྙན་སེང་ཞུས་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཞུང་ལམ་གསར་རྒྱག་ཐད་མཐུན་འགྱུར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག
དེ་ལྟར་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་འགྲུབ་ནས་འདི་ཚེས་༢༦་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།