སྲིད་སྐྱོང་མཆོག་གིས་ལྡེ་ར་ལྡུན་ཁུལ་དུ་འཚམས་གཟིགས་ཀྱིས་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་གནང་བཞིན་འདུག

2021-12-01
Share
སྲིད་སྐྱོང་མཆོག་གིས་ལྡེ་ར་ལྡུན་ཁུལ་དུ་འཚམས་གཟིགས་ཀྱིས་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་གནང་བཞིན་འདུག སྲིད་སྐྱོང་མཆོག་གིས་ལྡེ་ར་ལྡུན་ཁུལ་དུ་འཚམས་གཟིགས་ཀྱིས་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་གཏམ་བཤད་གནང་བཞིན་པ། ༡༢།༠༡།༢༡
བློ་བཟང་། /RFA

འདི་ཚེས་༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཚེ་རིང་དོན་ལྡན་བོད་མིའི་གཞིས་སྒར་གཙོས། རྒྱ་གར་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་དང་ཚོགས་སྡེ་ཁག་ཏུ་གཟིགས་ཞིབ་གཏམ་བཤད་གནང་སྐབས། མི་མང་མང་པོ་ཕེབས་ནས་མཉམ་ཞུགས་གནང་བ་དང་མཉམ་བོད་ཕྱི་ནང་གཉིས་དང་ལྷག་པར་དུ་བཙན་བྱོལ་ནང་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཉུང་རུ་འགྲོ་བཞིན་ཡོད་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་ཆས་གོས་སོགས་ལ་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པར་སྲིད་སྐྱོང་མཆོག་ནས་དེའི་ཐད་ཐུགས་ཁུར་ག་ཚོད་ཅིག་གནང་གི་ཡོད་པ་དང་། དེའི་ཐད་དམིགས་བསལ་ཤུགས་སྣོན་གང་ཞིག་རྒྱག་རྩིས་ཡོད་ཅེས་མི་མང་ཁག་ཅིག་གིས་དྲི་བ་བཏང་སྐབས། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་གིས་མཚོན་པའི་ཤེས་ཡོན་དང་། དེ་བཞིན་གཞིས་ཆགས་ཁག་གི་བདེ་སྡུག་གི་གནས་སྟངས་ཁག་རྒྱུས་ལོན་གཏིང་ཟབ་བྱས་རྗེས་དགོས་མཁོ་དང་འཚམས་པའི་ལས་དོན་གང་ཅི་སྒྲུབ་ཐུབ་ཐབས་ལ་འབད་བརྩོན་བྱ་གི་ཡིན་ཞེས་གསུངས་སོང་།
ཡང་མི་མང་ཁག་ཅིག་གིས། སྤྱི་ནོར་༧གོང་ས་མཆོག་གི་དགུང་ལོའི་བབས་ལ་བལྟོས་ཏེ་ཆིབས་བསྒྱུར་ཁག་སྟབས་བདེ་ཡོང་སླད་ཐད་འཕུར་གནམ་གྲུ་སོགས་ཀྱི་མཐུན་རྐྱེན་གསར་སྐྲུན་ཐུབ་ན་དགེ་མཚན་ཆེ་ལུགས་དང་། དེ་བཞིན་བཙན་བྱོལ་ནང་མི་འབོར་ཉུང་དྲགས་པའི་དཀའ་ངལ་འོག་སློབ་གྲྭ་ཁག་དང་དགོན་སྡེ་ཁག་སྟོང་ལ་ཉེ་བ་ཆགས་བཞིན་ཡོད་སྟབས། སྤྱི་ཚོགས་ཐོག་གཉེན་སྒྲིག་མ་བྱས་པ་མང་དག་ཅིག་ཡོད་པ་དག་ལ་གོ་སྐོན་བློ་འགུག་གིས་མི་འབོར་སྤེལ་ཐུབ་པའི་ཐབས་ལམ་བཙལ་དགོས་ལུགས། དེ་བཞིན་གཞིས་སྒར་ཁག་གི་ནང་འཕྲད་བཞིན་པའི་དཀའ་སྡུག་གི་གནས་སྟངས་མང་པོ་ཞིག་སྙན་སེང་ཞུས་སོང་།
སྐབས་དེར་བདེ་སྐྱིད་གླིང་གི་གཞིས་མི་མདའ་དཔོན་ཟུར་པ་ཉི་མ་བཀྲ་ཤིས་ལགས་ཀྱིས། རྒྱ་གར་ནང་བོད་པའི་དམག་སྒར་ཨང་༢༢་པ་གཅིག་ལས་མེད་ཀྱང་། བགྲེས་ཡོལ་སྐབས་ཕོགས་ཐོབ་མ་འདྲ་བ་མང་པོ་ཞིག་ཡོང་གི་འདུག་པར་འབྲེལ་ཡོད་རྒྱ་གར་གཞུང་ལ་སྙན་གསན་ཞུས་ཏེ་ཐོབ་ཐང་གཅིག་གྱུར་ཞིག་ཡོང་ཐུབ་ན་དྭང་ཟུར་རྒན་པ་ཚོ་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཡོང་ས་རེད་ཅེས་རེ་བ་ཞུས་ཡོད་འདུག
ཡང་བདེ་སྐྱིད་གླིང་རྩེད་རིགས་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་ལྷ་དབང་ལགས་ནས་ན་གཞོན་ཚོ་མྱོས་རྫས་ངན་གོམས་མི་ཡོང་བ་དང་། འཕྲོད་བསྟེན་ཡག་པོ་ཡོང་ཆེད་གཞིས་སྒར་ནང་རྐང་རྩེད་པོ་ལོའི་རྩེད་ཐང་ཞིག་མཐུན་རྐྱེན་སྦྱར་ཐུབ་པའི་རེ་བ་ཞུས་ཡོད་འདུག
སྲིད་སྐྱོང་མཆོག་གིས་རྩ་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། མི་འབོར་སྤར་ཆའི་མཚོན་པའི་གནད་དོན་མང་པོ་ཞིག་སྒྲིག་འཛུགས་ཙམ་མ་ཡིན་པར་མི་སྒེར་རེ་རེ་ནས་བསྒྲུབ་དགོས་པའི་བྱ་བ་ཞིག་ཡིན་སྐོར་སོགས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་སོང་།
ཐེངས་འདིར་སྲིད་སྐྱོང་མཆོག་ཚེ་རིང་དོན་ལྡན་བོད་མིའི་གཞིས་སྒར་དང་། དོན་གྲུབ་གླིང་། མངོན་དགའ་སློབ་གྲྭ ར་ཇའི་སྤུར་བོད་ཁྱིམ་སློབ་གྲྭ། དེ་བཞིན་དཔལ་ས་སྐྱའི་ཆོས་སྒར། འབྲི་གུང་བྱང་ཆུབ་གླིང་བཅས་སུ་ཆེད་ཕེབས་ཀྱིས་གཟིགས་ཞིབ་སོགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།