བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འགྱུར་བ་གཏོང་དགོས་མིན་རྒྱ་ནག་གི་འགོ་ཁྲིད་ཚོའི་བྱེད་བབ་ལ་རག་ལུས་ཡོད། སྲིད་སྐྱོང་མཆོག་གིས།

2022.12.06
བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་འགྱུར་བ་གཏོང་དགོས་མིན་རྒྱ་ནག་གི་འགོ་ཁྲིད་ཚོའི་བྱེད་བབ་ལ་རག་ལུས་ཡོད། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་བཅར་འདྲིའི་སྐབས། ༡༢།༠༦།༢༠༢༢
RFA / Dhasa

སྤྱི་ཟླ་༡༢བའི་ཚེས་༦ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གཉེར་ཕྱོགས་དང་། མ་འོངས་པའི་ཆབ་སྲིད་ཀྱི་འགྱུར་འགྲོས། རྒྱ་ནག་ནང་དུ་མི་མང་གིས་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བ། དེ་བཞིན་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་སོགས་ཀྱི་གནད་དོན་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་བཅར་འདྲི་ཞུ་པའི་སྐབས། སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་རྒྱ་ནག་ནང་དུ་མི་མང་གིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེ་ནི་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་གཅིག་པུའི་དཀའ་ངལ་ཙམ་མིན་པར་འགྲོ་བ་མིའི་རང་དབང་དང་འབྲེལ་བའི་དཀའ་ངལ་མང་དག་ཅིག་ཡོད་པ་རྒྱ་ནག་མི་མང་གིས་ད་རེས་རྒྱལ་སྤྱིའི་སྟེང་གསལ་སྟོན་བྱས་ཡོད་པ་མ་ཟད། བོད་ནང་དུ་ཡང་རྒྱ་མི་རིགས་ཚོས་གཞུང་གི་སྲིད་བྱུས་འཛིན་སྟངས་འགྲིག་གི་མེད་པའི་བརྡ་ལན་ཞིག་ཀྱང་སྤྲད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ། རྒྱ་ནག་ནང་གི་ངོ་རྒོལ་དང་བོད་ནང་གི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ལ་གཞིགས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་འགྱུར་བ་གཏོང་དགོས་པ་ཞིག་གཟིགས་ཀྱི་ཡོད་མེད་དྲིས་པར། སྲིད་སྐྱོང་མཆོག་གིས། དེ་ནི་མ་འོངས་པར་རྒྱ་ནག་གི་འགོ་ཁྲིད་ཚོའི་བྱེད་བབ་ལ་རག་ལས་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་འགོ་ཁྲིད་པའི་སྲིད་གཞུང་གིས། ཇི་ཙམ་གྱིས་མི་མང་ལ་སྡུག་རྩུབ་དང་གཉའ་གནོན་བྱས་ཚེ། དེ་བས་མི་མང་ལ་དཀའ་ངལ་མང་དུ་འགྲོ་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད་ལ། ཞི་ཅིན་ཕིན་གྱིས་འདས་པའི་ལས་ཡུན་གཉིས་ཀྱི་ནང་འཛམ་གླིང་སྤྱི་དང་ལྡོག་ཕྱོགས་ཀྱི་སྲིད་བྱུས་རྐྱང་རྐྱང་འཛིན་བཞིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁ་སྔོན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༧པའི་སྟེང་སྲིད་སྐྱོང་མཆོག་ཆེད་ཕེབས་ཀྱིས་རྒྱ་གར་གྱི་ངོས་ནས་བོད་དོན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གསུང་བཤད་གནང་ཞིང་། ད་རེས་དམིགས་བསལ་བཅར་འདྲིའི་སྐབས། སྲིད་སྐྱོང་མཆོག་གིས། ད་སྐབས་རྒྱ་གར་གྱི་ཤེས་ཡོན་སྡེ་ཁག་ནང་དུ་བོད་དོན་ཐོག་དོ་ཁུར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ལ། རྒྱ་གར་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་ལངས་ཕྱོགས་བརྟན་པོ་དགོས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད། དཔེར་ན། བོད་ལ་རང་བཙན་དགོས་ཀྱི་འདུག་བསམ་ན། དེ་ལ་གཞིགས་པའི་རྣམ་འགྱུར་སྟོན་དགོས་པ་གསུང་གི་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། ཨ་རི་ཚུད་པའི་དེང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལྷན་དུ་ད་བར་ཚོང་འབྲེལ་བྱེད་བཞིན་པའི་རྗེས་འབྲས་སུ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཤིག་ཏུ་གྱུར་ཡོད། དེར་བརྟེན། ད་ལྟའི་རྒྱ་ནག་གིས་འཛམ་གླིང་ལ་བཟོ་བཞིན་པའི་དཀའ་ངལ་དེ་ཡང་ཚང་མས་མཉམ་རུབ་ཀྱིས་གདོང་ལེན་བྱས་པ་ཡིན་ན། ཏན་ཏན་ནུས་པ་ཐོན་གྱི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎