སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་དཔོན་རིགས་བཅས་དང་མཇལ་འཕྲད་གནང་འདུག

2024.12.12
སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་དཔོན་རིགས་བཅས་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་།
CTA

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ག་ཨ་རིའི་རྒྱལ་སའི་ཁུལ་དུ་ཕྱི་ཟླ་༡༢་པའི་ཚེས་༦ནས་གཞུང་དོན་མཛད་རིམ་འགོ་འཛུགས་གནང་ཡོད་པ་དང་། དེའི་རིང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཕྱི་འབྲེལ་དཔོན་རིགས། བོད་དོན་རྒྱབ་སྐྱོར་བ་བཅས་དང་མཇལ་མོལ་གནང་འདུག་ལ། ཚེས་༡༢ ཉིན་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་གདན་ཞུས་ལྟར་ཆེད་ཕེབས་གནང་བ་དང་། བོད་དོན་གཏམ་བཤད་དང་གནད་ཡོད་མི་སྣར་མཇལ་འཕྲད་གནང་ཡོད་པ་རེད།

Sikyong penpa Tserin in dc (1).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གསར་བསྐོས་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེ་རན་མ་སི་(Brian Mast)་ལགས་དང་མཇལ་མོལ་སྐབས། པར། CTA

དང་། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་པོལ་གྷུ་རོབ་(Paul Grove)་ལགས་དང་། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གསར་བསྐོས་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེ་རན་མ་སི་(Brian Mast)་ལགས། ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་(NED)་གི་ཚོགས་གཙོ་ཌའ་མོན་ཝིལ་སོན་(Damon Wilson)་ལགས། བསྟི་གནས་ཁང་དེའི་ལས་འཆར་འགན་འཛིན་རྒན་པ་པདྨ་ལགས། ཨ་རིའི་རང་དབང་ཁང་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་(Camaran Pipes)་ལགས། རྒྱ་ནག་དང་ཧོང་ཀོང་། ཐེ་ཝན་བཅས་ཀྱི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་(Yaqiu Wang)་ལགས་བཅས་དང་རིམ་པས་མཇལ་མོལ་གནང་ཡོད་པ་རེད།

Sikyong penpa Tserin in dc (4).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་པོལ་གྷུ་རོབ་(Paul Grove)་ལགས་དང་མཇལ་མོལ་སྐབས། པར། CTA


བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྲིད་སྐྱོང་མཆོག་གིས་རྒྱལ་ས་ཝ་ཤིང་ཀྲོན་ཁུལ་དུ་ཕྱི་ཟླ་༡༢་པའི་ཚེས་༡༣་བར་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་ཀྱི་ཕྱག་ལས་གནང་རྒྱུ་ཡིན་ཞིང་། ད་རེས་རྒྱལ་ས་ཝ་ཤིང་ཀྲོན་གྱི་མཛད་རིམ་གཙོ་བོ་ནི། རིང་མིན་ཨ་རིའི་གཞུང་འཛིན་གསར་པ་སླེབས་རྒྱུ་ཡིན་སྟབས་བོད་དོན་ལ་སྔར་བས་རྒྱབ་སྐྱོར་ཐོབ་ཐབས་ཇི་དགེའི་ཕྱག་ལས་གནང་ཕྱོགས་ཐད་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གི་གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་རྒྱབ་སྐྱོར་ཡོང་ཐབས་ཀྱི་ཐབས་ཇུས་སྐོར་གོ་བསྡུར་་གནང་རྒྱུའི་མཛད་རིམ་གལ་ཆེན་ཡོད་པ་གསུངས་བྱུང་།

Sikyong penpa Tserin in dc (3).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་(NED)་གི་ཚོགས་གཙོ་ཌའ་མོན་ཝིལ་སོན་(Damon Wilson)་ལགས་དང་མཇལ་མོལ་སྐབས། པར། CTA


གཞན་ཡང་ད་རེས་སྲིད་སྐྱོང་མཆོག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་པ་དང་བསྟུན་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་ཡིས་ཡུན་རིང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཆེ་བསྟོད་ཞུ་སླད་བདེན་པའི་སྒྲོན་མེའི་གཟེངས་རྟགས་(Light of Truth Award)་ཕུལ་བའི་མཛད་སྒོར་མཉམ་ཞུགས་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༢༢པ་དབུ་འབྱེད་བཅས་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་རྒྱལ་སའི་མངའ་ཁུལ་གྱི་མཛད་རིམ་གྲུབ་རྗེས་ཚེས་༢༤བར་ཨ་རིའི་མངའ་སྡེ་ཁག་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཅིག་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།


གསར་འགོད་པ། གཡུ་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རོགས་སྐྱོར་མ་དངུལ་མཚམས་འཇོག་བྱས་པར་བརྟེན་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གི་ལས་དོན་རྣམས་མཚམས་འཇོག་བྱེད་སྲིད།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎