སྲིད་སྐྱོང་མཆོག་དང་ཚོགས་གཙོ་གཞོན་རྣམ་པ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་གནང་འདུག

2022.06.21
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་དང་ཚོགས་གཙོ་གཞོན་རྣམ་པ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་གནང་འདུག སྲིད་སྐྱོང་མཆོག་དང་ཚོགས་གཙོ་གཞོན་རྣམ་པ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་སྐབས། ༠༦།༢༡།༢༠༢༢
Sikyong PT/FB

ཕྱི་ཟླ་༦ཚེས་༢༡ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་མཆོག་བཅས་ནས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་ར་ཛེ་ཡ་(Uzra Zeya)་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་སྲིད་སྐྱོང་མཆོག་གི་ངོ་དེབ་ཐོག་བཀོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་དབུ་ཁྲིད་སྲིད་སྐྱོང་མཆོག་དང་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་དབུས་པའི་སྤྱི་འཐུས་ཁག་ཅིག་དང་དེ་བཞིན་ཕྱི་དྲིལ་བཀའ་བློན་བཅས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་ཚེས་༢༢དང་༢༣ཉིན་གྲངས་གཉིས་རིང་ཚོགས་རྒྱུའི་འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཆེད་ཕེབས་གནང་ཡོད་པ་རེད།
འཛམ་གླིང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འདིའི་དབུ་འབྱེད་ཀྱི་ཚོགས་འདུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་ཚོགས་གཏན་འཁེལ་འདུག་ཅིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་འདུག་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་ཚོགས་འདུའི་དབུ་འབྱེད་ཉིན་གསུང་བཤད་གནང་རྒྱུ་ཡིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གལ་གནད་ཆེ་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འདིའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་དང་འབྲེལ་བའི་ལས་འཆར་དང་། གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་རྒྱས་བཞིན་པ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་དུས་འདིར་ཨེ་ཤེ་ཡ་དང་བོད་ཀྱི་གལ་འགངས་ཀྱི་སྐོར་སོགས་བགྲོ་གླེང་གནང་རྒྱུ་ཡིན་འདུག
འཛམ་གླིང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདིའི་ཐོག་རྒྱ་གར་དང་ཨ་རི། ཁེ་ན་ཌ་དང་ཡོ་རོབ་སོགས་ཡུལ་གྲུ་མང་པོའི་གྲོས་ཚོགས་ཀྱི་འཐུས་མི་བཅུ་ཕྲག་བརྒལ་བ་ཕེབས་གཏན་འཁེལ་འདུག་ལ། ཕྱི་ཟླ་ ༦ ཚེས་༢༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་གི་གོ་སྒྲིག་གནང་ཐོག་བོད་དོན་དང་འབྲེལ་བའི་ཉན་ཞིབ་གལ་ཆེ་ཞིག་ཀྱང་གནང་གཏན་འཁེལ་འདུག
ལྕམ་ཨུཛ་ར་ཛེ་ཡ་མཆོག་གིས་ཉེ་ལམ་ཕྱི་ཟླ་༥ནང་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་ཐོག་མ་དེ་གནང་ཞིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུ་རྒྱུ་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་མཇལ་མོལ་གནང་ཡོད་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་མཇལ་འཕྲད་གནང་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།