ཨ་མི་རི་ཀས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་འདུག

2020-10-14
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་བ་སྐུ་ཞབས་(Robert A. Destro)ལགས།
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་བ་སྐུ་ཞབས་(Robert A. Destro)ལགས།
state.gov

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་སྐུ་ཞབས་རོ་སྦརཌ་ཌེསི་ཏྲོ་ལགས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་བ་གསལ་བསྒྲགས་གནང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་(Mike Pompeo)མཆོག་གི་མཚན་ཐོག་ནས་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་། ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ལས་རྩོལ་གྱི་གནད་དོན་ཐད་ཀྱི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་ཡོད་པ་སྐུ་ཞབས་རོ་སྦརཌ་ཌེསི་ཏྲོ་(Robert Destro)ལགས། ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་གསུངས་འདུག
ད་དུང་གསལ་བསྒྲགས་དེའི་ནང་། ཨ་རིའི་གཞུང་གི་བོད་ཀྱི་ལས་དོན་ཐད་ཀྱི་ཁྲིམས་ཡིག་གི་འབྲུ་དོན་གཞིར་བཟུང་། བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་གི་ངོ་བོ་སྲུང་སྐྱོབ་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འབྱུང་ཐབས་སུ་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་འབྱུང་ཐབས་ཐད་ཕྱག་ལས་གནང་རྒྱུ་རེད་ཞེས་བཀོད་འདུག་ལ། དེ་དང་ཕྱོགས་མཚུངས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་ངོས་ནས་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་མཁོ་སྤྲོད་ཀྱི་ལས་དོན་དང་། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་དོ་ཕོག་མི་འགྲོ་བའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་གཉེར་ཕྱོགས་ཐད་ལ་ཡང་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་གསར་དུ་བསྐོ་བཞག་བྱུང་བ་སྐུ་ཞབས་རོ་སྦརཌ་ཌེསི་ཏྲོ་ལགས་སུ། མ་འོངས་བོད་དོན་ཐད་ཕྱག་ལས་གནང་ཕྱོགས་ཀྱི་འཆར་གཞིའི་བཀའ་འདྲི་ཞུས་ཀྱང་། ཁོང་གིས་དེ་རིང་འཕྲལ་དུ་གནས་ཚུལ་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་གནང་རྒྱུ་མིན། ཁོང་ལ་འདི་ལྟར་བསྐོ་བཞག་བྱུང་བར་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་བ་གསུངས་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་གྱི་གསར་འགོད་ལྷན་ཚོགས་སྐབས་ཀྱང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་པ་གསལ་བཤད་གནང་པ་དང་། ཁོང་གིས་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་འདི་འགག་རྩའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད། ལྷག་པར་དུ་ཁོང་གིས། ཨ་རིའི་གཞུང་གི་ངོས་ནས་རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དང་། རང་སྐྱོང་གི་ཐོབ་ཐང་ཚད་ལྡན་མེད་པ། བོད་ཀྱི་ས་ཁུལ་ཁག་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པ། བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་གོམས་གཤིས་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་ཐུགས་འཚབ་ཡོད་པ་གསུངས་འདུག
གསར་དུ་བསྐོ་བཞག་བྱུང་བའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱི་གོ་གནས་ནི། ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ཡིན་ཞིང་། འདི་ནི་ཨ་རིའི་གཞུང་གི་འགྲོ་ལུགས་ལྟར་ན། རིམ་པ་བཞི་པའི་དཔོན་རིགས་ཤིག་ཡིན་པ་རེད། འོན་ཀྱང་དེ་སྔོན་སྲིད་འཛིན་བྷོཤུ་དང་ཨོ་བྷཱ་མའི་སྐབས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དེ་རིམ་པ་གསུམ་པའི་དཔོན་རིགས་ཤིག་ཏུ་བསྐོ་བཞག་གནང་ཡོད་པར་བརྟེན། རྒྱལ་སྤྱིའི་བོད་དོན་ལས་ཁང་དང་དེ་མིན་བོད་དོན་ཞུ་གཏུག་གི་ཚོགས་པ་ཁག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དེ་རིམ་པ་གསུམ་པའི་དཔོན་རིགས་ཤིག་ལ་བསྐོ་བཞག་དགོས་པའི་དགོངས་ཚུལ་ཤུགས་ཆེ་བཏོན་ཡོད་པ་རེད།
ཕྱི་ལོ་༢༠༡༧ ལོར་ཌོ་ནཱལཌ་ཏྲམཔ་མཆོག་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་། ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་མེད་ཅིང་། ཨ་རིའི་འོས་བསྡུ་ཆེན་མོ་ལོ་འདིའི་ཕྱི་ཟླ་༡༡ ཚེས་༠༣ ཉིན་གཉེར་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།