ཐེ་ཝན་ནང་ཚོགས་བཞིན་པའི་ཆོས་ལུགས་རང་དབང་གི་གླེང་སྟེགས་ཐོག་བོད་ཀྱི་སྐུ་ཚབ་གདན་ཞུ་གནང་འདུག
ད་རེས་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་ཚོགས་བཞིན་པའི་༢༠༢༢ལོའི་ས་ཁུལ་ཁག་གི་ཆོས་ལུགས་རང་དབང་གི་གླེང་སྟེགས་ཞེས་པའི་ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྙན་སྒྲོན་ཡོང་ཆེད་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་གདན་འདྲེན་ཞུས་ཡོད་འདུག ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དེ་ནི་ལྷན་ཚོགས་དེས་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གལ་གནད་འཛིན་གྱི་ཡོད་པ་མཚོན་གྱི་ཡོད། འོན་ཀྱང་། ད་རེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་མེད་པར་བློ་ཕམ་བྱུང་། རྒྱལ་སྤྱིའི་ཆོས་ལུགས་རང་དབང་གླེང་སྟེགས་ཐོག་འཇིགས་ཞུམ་མེད་པ་དང་། དཔའ་ངར་ལྡན་པའི་ཐོག་ནས་རྒྱ་ནག་གཞུང་གིས་སྡང་ཟུག་བྱེད་བཞིན་པའི་ཆོས་ལུགས་མི་སྣ་ཚོ་གདན་འདྲེན་ཞུ་རྒྱུ་གལ་ཆེ་པོ་ཡིན་པ་བརྗོད་འདུག
དེ་བཞིན་འདི་ཚེས་༣༠ཉིན་ཡུ་གུར་ལས་འགུལ་བ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་(Nury Turkel)་ལགས་ཀྱང་མཉམ་ཞུགས་གནང་ནས། ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཐོག་རྒྱ་ནག་དམར་ཤོག་ཚོགས་པས་ག་རེ་བྱས་དང་བྱེད་བཞིན་པ་ཐེ་ཝན་གྱིས་ངེས་པར་དུ་རྟོགས་ཐུབ་པ་དགོས་པ་དང་། རྒྱུ་མཚན་ཐེ་ཝན་ནི་རྒྱ་ནག་གི་དེའི་རྗེས་ཀྱི་དམིགས་འབེན་བྱ་ཡུལ་ཞིག་ཡིན་སྲིད་པས། དེ་ལྟ་བུའི་དཀའ་སྡུག་འདྲ་པོ་འབྱུང་ངེས་ཡིན་པ་བརྗོད་པ་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་དུ་མང་གཙོའི་ལམ་ལུགས་ལ་ཉེན་ཚབས་བཟོ་བཞིན་ཡོད་པའི་དུས་སྐབས་འདིར་ཡུ་གུར་མི་རིགས་ལ་དཀའ་སྡུག་གང་འདྲ་བྱུང་ཡོད་པ་ཤེས་རྟོགས་ཐུབ་རྒྱུ་ནི་གལ་གནད་ཆགས་ཡོད་པ་རེད་ཅེས་བརྗོད་འདུག
ཡང་ཁོང་གིས་མུ་མཐུད་དུ། རྒྱ་ནག་ནང་གི་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་མི་རིགས་ས་ཡ་གཉིས་ལྷག་སློབ་གསོ་བཅོས་བསྒྱུར་རྭ་བ་དང་ཡང་ན་བཀག་སྐྱིལ་ཁང་ཁག་ཏུ་བཅུག་ཡོད་པ་ཨ་རིའི་གཞུང་གིས་ཚོད་དཔག་བྱེད་ཀྱི་ཡོད་པ་ལུང་འདྲེན་དང་སྦྲགས། གལ་སྲིད་ཐེ་ཝན་སྲུང་སྐྱོབ་བྱེད་རྒྱུར་ཕམ་ཉེས་ཡོང་ཚེ། ཐེ་ཝན་མི་དམངས་ལ་དེ་འདྲའི་དཀའ་སྡུག་འཕྲད་རྒྱུ་ཡིན་པར་ཤེས་རྟོགས་ཐུབ་དགོས་ཞེས་ཉེན་བརྡ་བཏང་འདུག
ལྷག་པར་དུ་ཁོང་གིས་ཧྥ་རན་སི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་(Lu Shaye)་གྱིས་ཉེ་ཆར་རྒྱལ་ས་(Paris)་ནང་གི་བརྙན་འཕྲིན་གྱི་བཅར་འདྲིའི་སྐབས། ཐེ་ཝན་དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོས་གཅིག་བསྒྱུར་བཏང་རྗེས། ཐེ་ཝན་མི་དམངས་ཚོར་བསམ་བློ་སློབ་གསོ་བསྐྱར་དུ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་ལུང་འདྲེན་དང་སྦྲགས། དེ་ནི་རྒྱ་ནག་གིས་ཤིན་ཅང་ཡུ་གུར་མི་རིགས་ལ་གང་བྱས་ཡོད་པ་ཐེ་ཝན་མི་དམངས་ཚོར་དེ་ལྟར་འཆར་གཞི་གཅིག་མཚུངས་ཡོད་པ་གསལ་པོ་མཚོན་ཡོད་པ་རེད་ཅེས་བརྗོད་འདུག ཁོང་གིས། རྒྱ་ནག་དམར་ཤོག་ཚོགས་པའི་བསམ་བློ་སློབ་གསོ་བསྐྱར་མ་ཟེར་བའི་འཛིན་གྲྭའི་ནང་ལོ་རྒྱུས་བཅོས་སྒྲིག་བྱས་ནས་དོན་དངོས་དང་མི་མཐུན་པ་དང་། ཆོས་ལ་དད་པ་དང་ཡང་ན་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་ནག་བསུབ་བཏང་ནས་ཞི་ཅིན་ཕིང་གི་བསམ་བློ་ཡོད་པ་ཚབ་ཏུ་བཞག་གིས་རང་གི་མི་ཚེར་གང་ཡོད་ཐམས་ཅད་དམར་ཤོག་ཚོགས་པའི་བཀའ་དྲིན་ཡིན་པར་བཙན་གྱིས་ངོས་འཛིན་བྱེད་དུ་འཇུག་གི་ཡོད་ཅེས་བརྗོད་འདུག
ཡང་ཁོང་གིས་ཐེ་ཝན་དང་གཞན་མང་གཙོ་རྒྱལ་ཁབ་ཚོས། ཨ་རི་མིག་དཔེར་བླངས་ཏེ་བྲན་གཡོག་གིས་ཐོན་སྐྱེད་བྱས་བའི་ཐོན་རྫས་ནང་འདྲེན་མི་བྱེད་པ་དང་། རྒྱལ་སྤྱིའི་ཐོན་སྐྱེད་ཁོར་ཡུག་གཙང་བཟོའི་ལས་དོན་ཐད་ཤུགས་གནོན་རྒྱག་དགོས་པ་བརྗོད་འདུག་ལ། ཐེ་ཝན་མུ་མཐུད་དུ་རང་དབང་གི་ཕྱོགས་ལ་སྤོབས་པ་ལྡན་པ་དང་། སྣེ་ཁྲིད་ཀྱི་ནུས་པ་ལྡན་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་འདུག
སྐུ་ཞབས་(Turkel)་ལགས་ནི་རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་པོའི་སྐབས། སློབ་གསོ་བཅོས་བསྒྱུར་རྭ་བ་ཞིག་གི་ནང་སྐྱེས་ཡོད་པ་དང་། ཁོང་གི་ཨ་མ་དང་མཉམ་དུ་བཀག་ཉར་ཁང་དུ་ཟླ་ངོ་ཁ་ཤས་བསྡད་དགོས་བྱུང་ཡོད། ༡༩༩༥ལོར་ཨ་རིར་འབྱོར་ཐུབ་ནས་ཁྲིམས་ལ་སློབ་སྤྱོང་བྱས་ནས་ཡུ་གུར་ཨ་རི་བ་ཁྲིམས་རྩོད་པ་ཞིག་ཆགས་ཡོད་པ་དང་། ༢༠༢༠ལོའི་ཟླ་༩བའི་ནང་། ཁོང་ནི་(Time Magazine)་ཞེས་པའི་དུས་དེབ་ནང་གི་འཛམ་གླིང་ནང་གི་ཤུགས་རྐྱེན་ཆེ་ཤོས་མི་༡༠༠ཡི་ཁོངས་སུ་ཚུད་ཡོད་པ་དང་། ༢༠༢༢ལོའི་ཟླ་དྲུག་པའི་ནང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་གནང་ནས་འགན་བཞེས་ཡོད་པ་རེད།
ད་རེས་ཀྱི་ལྷན་ཚོགས་དེའི་ཐོག་ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་དང་། ཐེ་ཝན་ནང་གི་ཨ་རིའི་ལྟེ་གནས་ཁང་གི་འགན་འཛིན་(Sandra Oudkirk)་བཅས་ལྷན་ཞུགས་ཀྱིས་གཏམ་བཤད་སྤེལ་ཡོད་འདུག སྐབས་དེར་སྲིད་འཛིན་(Tai)་ནས་ མི་སུ་གང་ཡང་དད་པ་དང་། སྲོལ་རྒྱུན་ཡང་ན་ཆོས་ལུགས་ཀྱི་རྒྱུ་མཚན་ཐོག་ནས་མནར་གཅོད་མི་ཡོང་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ང་ཚོའི་རེ་འདུན་ཡིན་ཞེས་བརྗོད་འདུག
ཐེ་ཝན་ནང་གི་ཆོས་ལུགས་རང་དབང་སྐོར་ཀྱི་གླེང་སྟེགས་དེ་ནི་ཐེ་པེ་རུ་༢༠༡༩ལོར་ཚོགས་ནས་ད་རེས་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།